ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱིས་སྲིད་གཞུང་གི་བུ་ལོན་ལ་ལྟ་སྐུལ་བྱེད་པའི་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ།
ཚེས་20ཉིན་གྱི་ཕྱི་དྲོར། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱིས་དུས་ཡུན་ཉིན་གཉིས་ཀྱི་སྲིད་གཞུང་གི་བུ་ལོན་ལ་ལྟ་སྐུལ་བྱེད་པའི་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་ལྷ་སར་འགོ་ཚུགས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་། དེའི་ནོར་དཔལ་ཨུ་ལྷན། རྒྱུན་ལས་ཨུ་ལྷན་གྱི་སྔོན་རྩིས་ལས་དོན་ཨུ་ལྷན་བཅས་ཀྱི་འགན་འཁུར་བློ་མཐུན་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་བཅས་ཁྱོན་མི་100ལྷག་ཙམ་གསོ་སྦྱོང་ལ་ཞུགས་ཡོད།
སློབ་འགོ་ཚུགས་པའི་མཛད་སྒོར། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱིས་སྲིད་གཞུང་གི་བུ་ལོན་ལ་ལྟ་སྐུལ་བྱེད་པའི་ལས་དོན་སྤེལ་བར་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་རྒྱལ་མཚན་མཛད་སྒོར་ཞུགས་ནས་གསུང་བཤད་ཀྱང་གནང་ཡོད།
གསོ་སྦྱོང་ནང《སྲིད་གཞུང་གི་བུ་ལོན་ལ་དོ་དམ་བྱེད་ཚུལ་གྱི་སྙན་ཞུའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལག་བསྟར་བྱ་ཐབས》ཀྱི་གཏན་འབེབས་དོན་འཁྱོལ་ནན་ཏན་དང་ཕྱོགས་ཡོངས་ནས་གསལ་འགྲེལ་བྱས་པ་མ་ཟད། སློབ་སྦྱོང་དང་སྤེལ་རེས་ལ་སྔར་བས་ཤུགས་སྔོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་སྲིད་གཞུང་གི་བུ་ལོན་ལ་དོ་དམ་བྱེད་ཚུལ་གྱི་སྙན་ཞུའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གང་མགྱོགས་བཏང་སྟེ་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།
རྒྱལ་མཚན་གྱིས། གསོ་སྦྱོང་ལ་ཞུགས་མཁན་སློབ་མ་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱིས་སྲིད་གཞུང་གི་བུ་ལོན་ལ་ལྟ་སྐུལ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་དང་དེར་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་ཡོངས་ནས་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། སྲིད་གཞུང་གི་བུ་ལོན་ལ་ལྟ་སྐུལ་བྱེད་པའི་དམིགས་ཚད་དང་ངེས་གནས་ཁོང་དུ་ཡང་དག་ཆུད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་དབང་ལག་ལེན་ཏན་ཏིག་བསྟར་བ། ཡང་དག་དང་། ནུས་ལྡན། ཁྲིམས་བཞིན་བཅས་ཀྱི་སྒོ་ནས་ལྟ་སྐུལ་ལག་ལེན་བསྟར་བ་བཅས་བྱས་ཏེ། སྲིད་གཞུང་གི་བུ་ལོན་ལ་ལྟ་སྐུལ་བྱས་པ་ལས་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་སྔར་བས་ཡག་པོ་ཞུས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།