བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན།
2025ལོའི་ཟླ་1ཚེས་20ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག
བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། ཤཱ་ཁེ་ཆིང་།
འཐུས་མི་རྣམ་པ།
ད་ལྟ་ངས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ་རྒྱུ་དང་སྦྲགས་སྲིད་གྲོས་ཨུ་ཡོན་དང་ཚོགས་འདུའི་ཟུར་ཞུགས་རྣམ་པས་ཀྱང་དགོངས་འཆར་འདོན་གནང་ཞུ།
2024ལོའི་ལས་དོན་ལ་ཕྱི་མིག་ལྟ་བ།
2024ལོར། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཡང་དག་པའི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་པར་བརྟེན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་བོད་ཀྱི་ཞིབ་དཔྱོད་ནང་ལག་ལེན་བསྟར་བར་མུ་མཐུད་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་། རྒྱལ་ཡོངས་ཅན་ཁྲ་ཀྲང་ཚོགས་འདུ་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད་ལག་བསྟར་ནན་ཏན་བྱས་ཤིང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་སྤྱི་ཡོངས་ལ་ཞབས་འདེགས་དང་། མི་དམངས་ཆེད་ཁྲིམས་འཛིན་བྱེད་པ། ཁྲིམས་སྐྱོང་གི་འགན་འཁྲི་འཁུར་བ་བཅས་བྱས་ཏེ། སྤུས་ཕྱོད་གཉིས་ལེགས་ཀྱིས་བཅའ་ཁྲིམས་ཀྱིས་ལྟ་སྐུལ་འགན་འཁྲི་བསྒྲུབས་པར་གྲུབ་འབྲས་གསར་པ་ཐོབ་ཡོད། ལོ་ཧྲིལ་པོར་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱས་པའི་རིགས་འདྲ་མིན་གྱི་གྱོད་གཞི་ཁག་13788ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་6.26%ཆག་ནས་2020ལོ་ལས32.6%འཕར་ཏེ། “ཞིབ་དཔྱོད་ཆེན་པོ་བཞིའི”འགན་སྒྲུབ་གྲུབ་ཆའི་བསྡུར་ཚད་དེ་61.1:13.8:11.7:13.4བཅས་ལ་སླེབས་ཤིང་། དེའི་ཁྲོད་དམངས་དོན་དང་། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས་ཀྱི་ཞིབ་དཔྱོད་གྱོད་སྒྲུབ་སྡོམ་འབོར་དེ་2020ལོ་ལས་197.7%འཕར་པ་དང་། འགན་དབང་ལྟར་གྱོད་གཞི་ཁག་6394རང་འགུལ་གྱིས་ཐག་གཅོད་བྱས་པ་དེ་2020ལོ་ལས་230%འཕར་ནས་འགན་སྒྲུབ་སྤུས་ཕྱོད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད།
གཅིག སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཆེད་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས“འཛུགས་གཏོད་བཞིར”རོགས་འདེད་བྱས་པ།
“ཞིབ་དཔྱོད་ལས་དོན་དེང་རབས་ཅན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཞབས་འདེགས་ཞུ་བའི”ལྟེ་བའི་ལས་འགན་འདི་ཐོག་མཐའ་བར་གསུམ་དུ་ཡིད་ལ་དམ་པོར་བཅངས་ཤིང་། རང་རྟོགས་ངང་སྤྱི་ཡོངས་སྟངས་འཛིན་བྱེད་པའི་ཁྲོད་ཞིབ་དཔྱོད་ཀྱི་ངེས་གནས་ཡང་དག་བཙལ་ནས། སྤྱི་ཡོངས་ནང་ཐེ་ཞུགས་བྱེད་པའི་ཁྲོད་ཞིབ་དཔྱོད་ཀྱི་འགན་ནུས་འདོན་སྤེལ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཞིབ་དཔྱོད་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས“འཛུགས་གཏོད་བཞིར”འགན་ལེན་དང་ཞབས་འདེགས་ཞུས་ཡོད།
རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཤིང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ནས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་ལྷོད་མེད་ཀྱིས་མི་རིགས་ཁ་ཕྲལ་དང་། ཆོས་ལུགས་ལོག་ཐལ། གཏུམ་སྤྱོད་འཇིགས་སྐུལ་བཅས་ཀྱི་ཕྱོགས་གཏོགས་ལ་རྡུང་རྡེག་ཚ་ནན་གཏོང་བའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པ་དང་། གཏུམ་སྤྱོད་ཉེས་གསོག་ཚབས་ཆེན་དང་། ལྷག་པར་དུ་སྤྱི་ཚོགས་ལ་འཁོན་ལན་སློག་པའི་བྱས་ཉེས་ཚབས་ཆེན་བསགས་རིགས་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་བཅད་ནས། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་ཞིབ་དཔྱོད་ཀྱི་སྟོབས་ཤུགས་བཏོན་ཡོད། རིགས་འདྲ་མིན་གྱི་ཉེས་དོན་ཉེས་གསོག་ཐད་ཁྲིམས་ལྟར་དམ་ནན་བྱེད་དགོས་སར་དམ་ནན་དང་། གུ་ཡངས་གཏོང་དགོས་སར་གུ་ཡངས་བཏང་སྟེ། མི་1245འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་དེ་དུས་མཚུངས་ལས11.86%འཕར་བ་དང་། མི་3313ཞུ་གཏུག་བྱས་པ་དེ་དུས་མཚུངས་ལས་16.5%འཕར་ཡོད། ནག་ཉེས་ངོས་ལེན་དང་ཉེས་ཆད་ངོས་ལེན་བྱས་པའི་མི་3880ལ་གུ་ཡངས་ལམ་ལུགས་ཁྲིམས་ལྟར་སྤྱད་འཐུས་བྱས་པ་དང་སྤྱད་འཐུས་བྱས་ཚད་93%ཟིན་ཡོད། རྒྱུན་རྣམ་ཅན་གྱི་ཐོག་ནས་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་ལ་སྐུལ་འདེད་བཏང་ནས“གྱོད་གཞི་རིགས་བཅུའི”གྱོད་དོན་82དང་མི་198ཞུ་གཏུག་བྱས་ཡོད། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་སློག་ནས་ར་བཟི་འཁོར་གཏོང་གི་གྱོད་གཞི་མང་དུ་འགྲོ་བར་ཁྲིམས་ལྟར་ཆད་གཅོད་དང་བཀག་འགོག་ནུས་ལྡན་བྱས་ཏེ། འཇམ་ཆེ་གེ་མོ་དེ་སྔོན་ར་བཟི་འཁོར་གཏོང་བྱས་ནས་ཉེས་ཆད་བཅད་ན་ཡང་། 2024ལོར་ཡང་བསྐྱར་ར་བཟི་འཁོར་གཏོང་བྱས་ནས་སྣེ་གདོང་ཆུས་ཞིབ་དཔྱོད་ཁང་གིས་ཁྲིམས་ཆད་ནན་པོ་གཅོད་པ་ལས་ཉེས་ཆད་ཕྱིར་འགྱངས་མི་བྱེད་རྒྱུའི་གྲོས་འཆར་བཏོན་པར་ཁྲིམས་ཁང་གི་རྒྱབ་སྐྱོར་ཐོབ་པ་མ་ཟད། རྒྱལ་ཡོངས་ཀྱི་དཔེ་མཚོན་གྱོད་དཔེ་རུ་བདམས་པ་རེད། གཞི་རིམ་བཅོས་སྐྱོང་ལོ་གསུམ་ལེགས་བཅོས་བྱེད་པའི་བྱ་སྤྱོད་ནང་ཐེ་ཞུགས་ཧུར་ཐག་བྱས་པ་སྟེ། གཏུག་བཤེར་འབྱུང་རྩ་བཅོས་སྐྱོང་བྱས་པར་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་བྱེད་པར་སྐུལ་ལྕག་བཏང་བར་བརྟེན། གྱོད་གཞི་ཐག་གཅོད་བྱེད་པ་དང་ཟུང་འབྲེལ་གྱིས་སྤྱི་ཚོགས་བཅོས་སྐྱོང་རིགས་ཀྱི་ཞིབ་དཔྱོད་གྲོས་འཆར་ཁག་293བཏོན་པ་ལས། གྲོས་འཆར་ཁག་286དང་ལེན་བྱས་ནས་དང་ལེན་བྱེད་ཚད་97.6%ཟིན་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་དང་འདུ་ཤེས་འཛིན་སྟངས་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། བོད་ལྗོངས་ཞིབ་དཔྱོད་སྨྱན་སྦྱོར་གསར་པས་ཁྲིམས་སྐྱོང་ཆ་འཕྲིན་ཁྲི་6ལྷག་ཙམ་སྤེལ་བ་དང་དཔེ་མཚོན་གྱོད་དཔེ་60ཁྱབ་བསྒྲགས་བྱས་ནས་བོད་ལྗོངས་ཞིབ་དཔྱོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་ཅིང་ཁྲིམས་སྐྱོང་གི་དྲང་ནུས་བརྒྱུད་བསྒྲགས་བྱས་ཡོད། “གྱོད་དོན་གཤམ་འདྲི”དང་། གྱོད་བརྟེན་ཁྲིམས་འགྲེལ་བྱེད་རྒྱུ་ཁྱབ་གདལ་ཤུགས་ཆེར་བཏང་ནས་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས“ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་ཐེངས་257སྤེལ་བ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་ཐེངས་2700ལྷག་ཙམ་བྱས་པར་ཉན་མཁན་མི་ཐེངས་ཁྲི་150ལྷག་ཙམ་ཟིན་ཡོད། གཞིས་རྩེ་གྲོང་ཁྱེར་ཞིབ་དཔྱོད་ཁང་དང་ཅི་ལིན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་། དཔོད་ཆུང་། མགྱོགས་འཕྲིན་སོགས་ལས་སྟེགས་སུ་མཉམ་འབྲེལ་ཐོག་མངོན་མིན་རིག་གནས་ཤུལ་བཞག་མཉམ་སྲུང་གི་ཉམས་བཟང་མངོན་པའི་བརྙན་ཐུང་ཐད་གཏོང་བྱས་པར་ལྟ་ཀློག་བྱེད་མཁན་ཐེངས་ཁྲི་1000ལས་བརྒལ་ཡོད་པ་རེད།
ནུས་ཤུགས་ཡོད་རྒུས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་འགན་ལེན་དང་ཞབས་འདེགས་ཞུས་ཤིང་། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་དོན་འཁྱོལ་བྱས་ནས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཐོན་དབང་ལ་ཁྲིམས་ལྟར་འདྲ་མཉམ་དང་ཡུན་རིང་སྲུང་སྐྱོང་བྱས་ཤིང་། “ཐོན་ལས་ཆེན་པོ་དགུ”དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པར་དམིགས་ཏེ་འཇུག་སྒོ་དང་ཤུགས་རྒྱག་ས་ཡག་པོ་བཙལ་ཏེ། སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུར་རོགས་སྐུལ་བྱས་ཏེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཐོན་དབང་དང་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་རིགས་ལ་ཁྲིམས་ལྟར་འགན་འཁྲི་གཅིག་མཚུངས་དང་། ནག་ཉེས་གཅིག་པ། ཆད་པ་མཉམ་གཅོད་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་གྱོད་གཞི་ཁག་91དང་མི་137ཞུ་གཏུག་བརྒྱབ་ཡོད། ཁེ་ལས་དང་འབྲེལ་བའི་ཉེས་དོན་གྱོད་གཞི་ཁག་122དང་མི་191དང་། སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་ཐད་ཀྱི་གྱོད་གཞི་ཁག་76བདག་སྤྲོད་བྱས་ཡོད། ཤེས་བྱའི་ཐོན་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་ཏེ་འབྲེལ་ཡོད་ཉེས་གསོག་གྱོད་གཞི་ཁག་10དང་མི་23ཞུ་གཏུག་བརྒྱབ་པ་དང་། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་དང་ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཞིབ་དཔྱད་ལ་རིགས་གཅིག་མཁས་ཅན་གྱིས་ལྟ་འདོམས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཁས་ལེན་ཐོབ་ཡོད། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་དང་ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས“ཁོག་སྟོང་ཀུང་སི”བཅོས་སྐྱོང་བྱེད་པའི་ཆེད་དམིགས་བྱེད་སྒོ་སྤེལ་ནས་ཀུང་སི་114གཙང་བཤེར་དང་ཐོ་བསུབ་རྒྱུར་སྐུལ་འདེད་བཏང་ཡོད། “སྣང་བ་སྐྱིད་པོས་བོད་ལྗོངས་སྐོར”ཞེས་པའི་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ཆེད་དམིཌ་ལྟ་སྐུལ་ཟབ་སྤེལ་བྱས་ཏེ། འབྲེལ་ཡོད་གྱོད་གཞི་ཁག་29བདག་སྤྲོད་བྱས་ཡོད། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་རྒྱལ་ལམ་317དང་318ལམ་རྒྱུད་ཀྱི་ཞིབ་དཔྱོད་ལས་ཁུངས་སྒྲིག་འཛུཌ་བྱས་ཏེ་གཙོ་གཉེར་སྡེ་ཚན་ལ་སྐུལ་འདེད་བཏང་ནས། རྒྱལ་ལམ་ལམ་རྒྱུད་ཀྱི་གད་སྙིགས་ཏུན་2500ལྷག་ཙམ་གཅིག་སྡུད་ཐོག་གཙང་སེལ་བྱས་ཏེ་བོད་དུ་བསྐྱོད་པའི་ལམ་ཆེན་མཛེས་ཤོས་གཏོད་རོགས་བྱས་ཡོད། སྤོ་བོ་རྫོང་ཞིབ་དཔྱོད་ཁང་གིས་ཚགས་ཤ་སྐམ་པོའི་བཟའ་བཅའི་བདེ་འཇགས་ལ་ལྟ་སྐུལ་བཅོས་སྒྲིག་བྱེད་པའི་གྱོད་གཞི་ཐག་གཅོད་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས“རི་བོ་ཆེ་ནོར་གནག”གི་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་གི་གྱོད་གཞི་ཐག་གཅོད་བྱས་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཁས་ལེན་ཐོབ་ཡོད།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཁྲིམས་འཛིན་སྲུང་བཅད་བརྟན་དུ་གཏོང་རྒྱུར་སྐུལ་འདེད་བཏང་ཞིང་། 《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》དང《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་བསྟར་གཏིང་ཟབ་བྱས་ཏེ། ཆུའི་ཐོན་ཁུངས་སྲུང་སྐྱོང་གི་ཆེད་དོན་བྱེད་སྒོ་མུ་མཐུད་སྤེལ་ནས“ཆུ་དཔོན་དང་མཚོ་དཔོན་ནགས་དཔོན་+ཅན་ཁྲ་ཀྲང་+ཉེན་རྟོག་དཔོན”བཅས་ཀྱི་ལམ་སྲོལ་དོན་འཁྱོལ་གཏིང་ཟབ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་སྐྱོང་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཡོད། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་ཡོང་བར་ཤུགས་སྣོན་བརྒྱབ་སྟེ། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་སྐྱེ་ཁམས་ཁོར་ཡུག་ཐིང་དང་མཉམ་དུ“ཉེན་ཡོད་ཟོག་རོ་དང་སྦགས་བཙོག་འབྱུང་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་རྫུན་བཟོ་བྱས་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི”ཆེད་དོན་བྱ་སྤྱོད་སྤེལ་ཏེ། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་གྱོད་གཞི་ཁག་32དང་མི་70ཞུ་གཏུག་བརྒྱབ་པ་དང་། ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་ཁག་14བྱས་ནས། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་སྐྱིན་ཚབ་སྒོར་ཁྲི་85.7འདེད་ལེན་བྱས་ཡོད། ལྗོངས་སྤྱི་བདེ་ཐིང་དང་ཆུ་བེད་ཐིང་དང་མཉམ་འབྲེལ་ཐོག“ཆུ་ཡུར་དུ་ཁྲིམས་འགལ་གྱིས་བྱེ་མ་སྔོག་འདོན་བྱེད་པའི་ཆེད་དོན་བཅོས་སྒྲིག”བྱ་སྤྱོད་སྤེལ་ནས་བྱེ་ར་50སྒོ་བརྒྱབ་པ་མ་ཟད། གཙོ་འགན་སྡེ་ཚན་ཀྱིས་ལྟ་འདོམས་ཐད་ཤུགས་སྣོན་རྒྱག་རྒྱུར་ལྟ་སྐུལ་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་ཐད་སྤྱི་ཕན་གཏུག་བཤེར་ཀྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། གྱོད་གཞི་ཁག་500བརྟག་དཔྱད་བྱས་ནས་གྱོད་ཁོངས་སུ་བཅུག་པ་དང་། ཞིབ་དཔྱོད་གྲོས་འཆར་ཁག191བཏོན་ཡོད། ཆུ་འགོ་སྦགས་བཙོག་ཐེབས་ཁུལ་ཁག་15དང་གད་སྙིགས་ཀྱིས་བཟུང་བའི་ས་མུའུ་213.8བཅོས་སྐྱོང་བྱ་རྒྱུར་སྐུལ་ལྕག་བྱས་ཡོད། ལྗོངས་ནགས་རྩྭ་ཅུས་སོགས་ཚན་པ་9དང་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་འདམ་ར་སྲུང་སྐྱོང་བྱེད་པར་སྐུལ་འདེད་བཏང་ཡོད། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཁོངས་གཏོགས་ཀྱི་རྫོང་རིམ་པའི་སྲིད་གཞུང་གིས་བཙོག་ཆུ་ཐད་འབུད་དོ་དམ་གྱི་འགན་འཁྲི་འཁུར་རྒྱུར་སྒྱིད་ལུག་བྱས་པའི་གྱོད་གཞི་ཁྲིམས་ལྟར་ཐག་གཅོད་བྱས་ཏེ་བཙོག་ཆུའི་སྦུག་དྲ་དང་གཙང་གསིང་སྒྲིག་བཀོད་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། ལྷ་རི་རྫོང་ཞིབ་དཔྱོད་ཁང་གིས་སྨྲི་ཏི་ཁའི་འདམ་རའི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་བར་ཕན་འབྲས་བཟང་པོ་ཐོན་ཡོད། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མངའ་རིས་ཞིབ་དཔྱོད་ཡན་ལག་ཁང་ནས་གསའ་བསད་པའི་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཞིག་སྒྲུབ་པར། ཁྲིམས་ཁང་གིས་སྐྱེ་ཁམས་ཁོར་ཡུག་གི་གྱོང་གུན་སྒོར་ཁྲི་50སྐྱིན་ཚབ་འཇལ་རྒྱུའི་ཁྲིམས་ཐག་བཅད་པ་རེད། སྤོ་བོ་རྫོང་ཞིབ་དཔྱོད་ཁང་གིས་ཚེ་ཐར་གཏོང་བའི་བྱེད་སྒོ་ཚད་ལྡན་དུ་བཏང་ནས་ཡུལ་ཉ་སྲུང་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ་བྲག་ལུང་གཙང་པོར་ཉ་ཕྲུག་ཁྲི་45གློད་པ་རེད། ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ཁང་ནས་ཁྲིམས་འགལ་གྱིས་གནམ་མཚོའི་ཉ་བཟུང་བའི་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁག་3ཐག་གཅོད་བྱས་པ་རེད། བྲག་ཡིབ་ཆུས་དང་། མེ་ཏོག རྒྱ་ཚ་རྫོང་བཅས་ཀྱི་ཞིབ་དཔྱོད་ཁང་གིས་སྲིད་འཛིན་ལས་ཁུངས་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་སྐུལ་འདེད་བྱས་ནས་ཁོངས་གཏོགས་ཀྱི་དབྱིན་ཅའི་རྩྭ་དམར་སེར་དང་དབྱི་ཐ་ལིའི་སྦྲང་ནོར་བུ་སོགས་ཕྱི་ཡོང་སྐྱེ་དངོས་རིགས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་ཡོད།
མཐའ་བརྟན་མཐའ་དར་དམངས་ཕྱུག་ལ་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། “ཞིབ་དཔྱོད་ཆེན་པོ་བཞི”དང“ལས་སྒོ་ཆེན་པོ་བཅུ”ཡིས་རང་འགུལ་ངང་རྗེས་སྙེག་བྱས་ཏེ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པར་ཞབས་ཞུ་དང་འགན་སྲུང་བྱས་ཡོད། མཐའ་མཚམས་དང་ཕྱི་ཕྱོགས་ལ་འབྲེལ་བའི་གྱོད་གཞི་ཁྲིམས་ལྟར་བསྒྲུབས་ཏེ། རྒྱལ་སྲུང་འཛུགས་སྐྲུན་ལ་སྲུང་སྐྱོང་དང་མཐའ་མཚམས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཡོད། མཐའ་མཚམས་ལ་འབྲེལ་བའི་ཉེས་གསོག་གྱོད་གཞི་ཁག་39དང་ཕྱི་ཕྱོགས་ལ་འབྲེལ་བའི་རྒྱུ་རྐྱེན་གྱི་གྱོད་གཞི་ཁག་80ཐག་གཅོད་བྱས་ཡོད། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་སྤུ་ཧྲེང་དང་སྐྱིད་གྲོང་རྫོང་ཞིབ་དཔྱོད་ཁང་དང་མཉམ་དུ་ནེ་པ་ལའི་མཐའ་ཁུལ་ཡུལ་མིར་ལག་ཁྱེར་མེད་པར་ཟ་ཁང་གཉེར་བའི་གནད་དོན་དེ་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་དང་ས་གནས་དེ་གའི་སྲིད་གཞུང་ལ་གྲོས་མོལ་བྱས་ནས་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་པ་རེད། མཐའ་མཚམས་ཀྱི་ཞིབ་དཔྱོད་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ། མཐའ་མཚམས་གྲོང་ཚོ་395ལ་ཞིབ་དཔྱོད་ཞབས་ཞུའི་ས་ཚིགས་12309བཙུགས་ཏེ། མཐའ་མཚམས་མང་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་ཁྱོན་བསྡོམས་ཐེངས་500ལྷག་ཙམ་དང་། མི་ཐེངས་200ལྷག་ཙམ་གྱིས་བཅའ་ཁྲིམས་བློ་འདྲི་དང་ལེན་བྱས་པ། འགལ་ཟླ་དང་རྩོད་གཞི་ཁག་300ལྷག་ཙམ་ཐག་གཅོད་བཅས་བྱས་ཡོད། དམག་མི་དང་འབྲེལ་བ་ཡོད་པའི་གྱོད་གཞི་མཐུན་སྦྱོར་ངང་སྒྲུབ་པའི་ལམ་སྲོལ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བོད་དམག་ཁུལ་ཁང་གི་ཆབ་སྲིད་ལས་དོན་པུའུ་དང་ལྷ་ས་དམག་དོན་ཞིབ་དཔྱོད་ཁང་དང་མཉམ་འབྲེལ་ཐོག“མཐའ་སྟོབས་མཐའ་སྲུང་གི་ཁྲིམས་འཛིན་འགན་སྲུང”བྱེད་སྒོ་མུ་མཐུད་སྤེལ་ནས་རྒྱལ་སྲུང་དམག་དོན་ཁེ་ཕན་དང་། དམག་མི་དང་དམག་མིའི་ནང་མི། སྔོན་གཤེགས་དཔའ་བོའི་ཁེ་དབང་བཅས་དང་འབྲེལ་བ་ཡོད་པའི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁག་61ཁྲིམས་ལྟར་ཐག་གཅོད་བྱས་ཡོད། ས་སྐྱ་རྫོང་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་དངོས་ཞབས་དམག་མིར་འགྲིམ་འགྲུལ་བྱུར་ཉེས་ཀྱི་སྨན་རིན་དང་གུན་གསབ་དངུལ་སྒོར་ཁྲི་13འདེད་ལེན་བྱས་པ་དང་། ཆབ་མདོ་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐུལ་འདེད་བཏང་ནས་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་གནའ་ཤུལ་དྲན་གསོ་ཁང་བསྐྲུན་ཐུབ་པ་མ་ཟད་བོད་ཀྱི་གསར་བརྗེའི་རིག་དངོས་ས་ཚིགས་ཁག་ཐེངས་དང་པོར་བདམས་པ་རེད།
གཉིས། དམངས་ཀྱི་དོན་དུ་ཁྲིམས་འཛིན་དང་ཁྲིམས་འཛིན་དྲང་གཞག་གིས་དམངས་འཚོའི་བདེ་རྩ་སྲུང་སྐྱོང་བྱས་པ།
“སྤུས་ཕྱོད་གཉིས་ལེགས་ཀྱིས་གྱོད་གཞི་རེ་རེ་ལེགས་པོར་སྒྲུབ་པའི”གཞི་རྩའི་རིན་ཐང་དོན་གཉེར་ཐོག་མཐའ་བར་གསུམ་དུ་ཡིད་ལ་དམ་པོར་བཅངས་ཏེ། ཁྲིམས་ལུགས་གནས་ལུགས་བརྩེ་སེམས་བཅས“ཕན་འབྲས་གསུམ”དང་གཅིག་གྱུར་ཡོང་བ་བྱས་ཏེ། ཁྲིམས་འཛིན་དྲང་གཞག་ལ་བརྟེན་ནས་དམངས་འཚོའི་བདེ་རྩ་སྲུང་སྐྱོང་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་བཏང་ཡོད།
གྱོད་གཞི་ཐག་གཅོད་བྱེད་པར་སྤུས་ཕྱོད་གཉིས་ལེགས་ཀྱིས་ལྟ་སྐུལ་བྱས་ནས་དམངས་ཀྱི་དོན་དུ་ཞིབ་བཤེར་ཡག་པོ་བྱས་ཤིང་། མང་ཚོགས་ཀྱིས་བསམ་འཆར་མང་པོ་བཏོན་པའི་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་བཅད་དེ། “གཱ་བཅད”བྱ་སྤྱོད་མུ་མཐུད་གཏིང་ཟབ་ཏུ་སྤེལ་ནས་གྱོད་གཞི་ཁག་217དང་མི་360ཞུ་གཏུག་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི“དངུལ་ཁུག”ཡག་པོ་བསྲུངས་ཡོད། དམངས་འཚོ་དང་དམངས་ཀྱི་ཁེ་ཕན་ལ་ཁྲིམས་ལྟར་སྲུང་སྐྱོང་བྱས་ཏེ། དམངས་འཚོའི་ཁྱབ་ཁོངས་ཀྱི་སྲིད་འཛིན་ལ་ཞིབ་དཔྱོད་ལྟ་སྐུལ་བྱས་པའི་གྱོད་གཞི་ཁག་330ཐག་གཅོད་བྱས་པ་དང་། ཟས་རིགས་དང་སྨན་རྫས་བདེ་འཇགས་ཁྱབ་ཁོངས་ཀྱི་སྤྱི་ཕན་ཞུ་གཏུག་གྱོད་གཞི་ཁག་373ཐག་གཅོད་བྱས་ཡོད། ཉམས་ཞན་ཚོགས་སྤྱིའི་ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ལྗོངས་སྤྱི་ཁྱབ་བཟོ་ཚོགས་དང་མཉམ་ལས་ལམ་སྲོལ་བཙུགས་ནས“འཕྲིན་གཅིག་ཡིག་གཉིས”ཀྱི་ལམ་ལུཌ་མཐུན་སྦྱོར་ངང་དོན་འཁྱོལ་བྱས་པ་དང་། སྡེ་ཁུལ་དུ་ཞུ་གཏུག་ལ་རྒྱབ་སྐྱོར་བྱེད་པའི་ལས་གནས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། ཞུ་གཏུག་ལ་རྒྱབ་སྐྱོར་བྱས་པའི་གྱོད་གཞི་ཁག་465ཐག་གཅོད་བྱས་ནས་ཞིང་པ་ལས་མི་སོགས་ཉམས་ཞན་ཚོགས་སྤྱིའི་གླ་ཕོགས་སྒོར་ཁྲི་2400ལྷག་ཙམ་འདེད་ལེན་བྱས་པ་དང་། འབྲི་རུ་རྫོང་ཞིབ་དཔྱོད་ཁང་གིས་ལི་ཆེ་གེ་མོ་སོགས་ཞིང་པ་ལས་མི་40ལ་འགྱངས་ཆད་བྱས་པའི་གླ་ཆ་སྒོར་ཁྲི་335འདེད་ལེན་བྱས་པ་རེད།
བཅའ་ཁྲིམས་དང་གཏུག་བཤེར་དང་འབྲེལ་བའི་མང་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་ཁྲིམས་ལྟར་འདུམ་གཅོད་བྱས་ཤིང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་དར་སྤེལ་བཏང་སྟེ། བཅའ་ཁྲིམས་དང་གཏུག་བཤེར་དང་འབྲེལ་བའི་ཡིག་སྐུར་ངོ་བཅར་གྱོད་གཞི་ཁག་1619ཐག་གཅོད་བྱས་ཡོད། རིམ་ཁག་ཞིབ་དཔྱོད་ཁང་གི་འགོ་ཁྲིད་དང་ཞིབ་དཔྱོད་དཔོན་གྱིས་ཞུ་བཅར་དུ་ཡོང་མཁན་མི་ཐེངས་359ལ་སྣེ་ལེན་ཞུས་པ་མ་ཟད། གཤམ་སྐྱོད་ཀྱིས“ཁྲིམས་ལུགས”གསལ་འགྲེལ་དང་། “གནས་ལུགས”གསལ་བཤད། “བརྩེ་སེམས”གསལ་བརྗོད་བཅས་བྱས་པར་བརྟེན། “ཁྲིམས་ཀྱི་དོགས་གནད”སེལ་ཞིང“སེམས་ཀྱི་མདུད་པ”གྲོལ་ཡོད། གཟུ་ཉན་ལ་བརྟེན་ནས་སྤྱི་མོས་ཐོབ་པར་བྱས་ཏེ། “དྲ་ཐོག+དྲ་ཕྱི”མཉམ་འདྲེས་གྱིས་གྱོད་གཞིར་གཟུ་ཉན་བྱས་ཏེ་དོ་བདག་ལ་རྩོད་གླེང་ཡོད་པའི་གྱོད་གཞི་ཁག་672ཐག་གཅོད་བྱས་ཡོད། 12309མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“གཡང་འཛོམས་ཐད་སྦྲེལ་ཁ་པར”ཡག་པོ་གཉེར་ཏེ། “ཡིག་སྐུར་ཞུ་བཅར་དང་དྲ་གློག”གཞི་གཅིག་ཅན་གྱི་ཞབས་ཞུའི་ལས་སྟེགས་བསྐྲུན་པ་དང་། “ཕྱོགས་གསུམ་གླེང་མོལ”བྱས་པ་བརྒྱུད་ཡིག་སྐུར་ཞུ་བཅར་གྱི་གྱོད་གཞི་ཁག131ཐག་གཅོད་བྱས་ཡོད། ཁྲིམས་འཛིན་རོགས་སྐྱོབ་དང་སྤྱི་ཚོགས་རོགས་སྐྱོབ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འཛིན་རོགས་སྐྱོབ་བྱས་པའི་གྱོད་གཞི་ཁག་183དང་མི་230ལ་ཐག་གཅོད་བྱས་ཏེ་རོགས་སྐྱོབ་དངུལ་སྒོར་ཁྲི་519སྤྲད་པ་རེད། སྦྲ་ཆེན་རྫོང་ཞིབ་དཔྱོད་ཁང་གིས་ཐག་གཅོད་བྱས་པའི་ཐཱན་ཆེ་གེ་མོའི་ཁྲིམས་འཛིན་རོགས་སྐྱོབ་ལ་རིམ་གསུམ་ཞིབ་དཔྱོད་ཁང་གིས་མཉམ་འབྲེལ་ཐོག་རོགས་སྐྱོབ་སྒོར་ཁྲི་17སྤྲད་ནས་རྒྱལ་ཡོངས་ཀྱི་དཔེ་མཚོན་གྱོད་དཔེར་བདམས་པ་རེད།
ན་སོ་དར་ལ་མ་བབས་པའི་མིའི་ཕྱོགས་བསྡུས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་བཏང་བའི་ཉེས་གསོག་རིགས་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་བཅད་ནས་མི་113ཞུ་གཏུག་བརྒྱབ་པ་དེ་དུས་མཚུངས་ལས་25.5%འཕར་ཡོད། ཡེ་ཆེ་གེ་མོས་ན་སོ་དར་ལ་མ་བབས་པའི་མིར་འཆལ་སྤྱོད་བྱས་པར་ཁྲིམས་ཁང་གི་ཁྲིམས་གཅོད་འཚམ་པོ་མ་བྱུང་བར་རིམ་གསུམ་ཞིབ་དཔྱོད་ཁང་གིས་མུ་མཐུད་རྒོལ་གཏུག་བྱས་ཏེ་ཁྲིམས་ལྟར་ཡོ་བསྲང་བྱས་ཡོད། “སྔོན་འགོག་ནི་སྲུང་སྐྱོབ་ཡིན་ལ། ཁྲིམས་གཅོད་ནི་སྐྱོབ་ཐབས་ཡིན་པ”མཐའ་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་བསམ་འཆར་མང་པོ་བཏོན་པའི་ན་སོ་དར་ལ་མ་བབས་པའི་ལོ་ཆུང་གིས་བྱས་ཉེས་ཚབས་ཆེན་བསགས་རིགས་ལ་ཁྲིམས་ལྟར་དམ་ལྷོད་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་སྤྱོད་འཐུས་བྱས་པ་དང་སྦྲགས། “དམ་ནན”བྱེད་བརྡ་ཡང་བཏང་ཡོད། བྱས་ཉེས་ཚབས་ཆེན་བསགས་པའི་ན་སོ་དར་ལ་མ་བབས་པའི་མིར་བཅའ་ཁྲིམས་ལྟར་མི་77ཞུ་གཏུག་བརྒྱབ་པ་དེ་དུས་མཚུངས་ལས་22.2%འཕར་ཡོད། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་ཕྱོགས་བསྡུས་བཅོས་སྐྱོང་ཟབ་མོ་བྱས་ཏེ། སྤྱི་ཚོགས་བརྟག་དཔྱད་ཐེངས་298དང་། སེམས་ཁམས་སློབ་གསོ་ཐེངས་173དང་། ལྟ་སྐྱོང་བྱ་རྒྱུའི་བཀའ་རྒྱ་ཁག་22བཟོ་འགྲེམས། མི་95ཡི་ཉེས་གསོག་ཟིན་ཐོ་སྡོམ་ཉར་བཅས་བྱས་ཡོད། སྲིད་ཁྲིམས་དང་སློབ་གསོ་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་བོད་ལྗོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སློབ་གསོ་ཡོ་བསྲང་གི་ཆེད་དམིགས་སློབ་གྲྭ་ཐོག་མ་དེ་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་གཞི་གཅིག་ཏུ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ། ན་སོ་དར་ལ་མ་བབས་པའི་མིར་འབྲེལ་བ་ཡོད་པའི་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁག་93ཐག་གཅོད་བྱས་ཤིང་། མགྲོན་ཁང་དང་། དྲ་ཁང་། རོལ་རྩེད་ཁང་བཅས་སུ་ན་སོ་དར་ལ་མ་བབས་པའི་མི་སྒྲིག་འགལ་ངང་ཡོང་དུ་བཅུག་པར་ལྟ་སྐུལ་བཅོས་སྒྲིག་ཁག་50བྱས་ཡོད། བཙན་འདོམས་ཀྱིས་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་བྱས་ཤིང་། སློབ་གྲྭ་འབྲིང་ཆུང་དུ་12309ཡི་ཁ་པར་ཁང་296བསྐྲུན་ནས། ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་འགལ་གྱི་བཙན་གནོད་ཕོག་པའི་གྱོད་གཞི་ཁག་19ཤེས་རྟོགས་བྱུང་བ་མ་ཟད་ཐག་གཅོད་བྱས་ཡོད། ན་སོ་དར་ལ་མ་བབས་པའི་གནོད་འཚེ་ཕོག་མཁན་66ལ་ཁྲིམས་འཛིན་རོགས་སྐྱོབ་དངུལ་སྒོར་ཁྲི་136.2སྤྲད་པ་རེད། ཞིབ་དཔྱོད་དཔོན་288ཀྱིས་ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི(ཟུར་ཁྲིད་པ)འགན་འཁུར་ནས་ཁྲིམས་སྐྱོང་སློབ་གསོ་ཐེངས་842སྤེལ་བ་དང་། སློབ་གསོ་ཐོབ་པའི་དགེ་སློབ་མི་ཐེངས་ཁྲི་94.9ཟིན་ཡོད།
གསུམ། ཁྲིམས་སྐྱོང་གི་འགན་འཁྲི་འཁུར་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཅིག་གྱུར་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་རྒྱུར་འགན་སྲུང་བྱས་པ།
ཞིབ་དཔྱོད་ལས་ཁུངས་ནི“རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཅིག་གྱུར་དང་ལག་བསྟར་ཡང་དག་ལ་འགན་སྲུང་བྱེད་པའི་ཁྲིམས་འཛིན་ལས་ཁུངས་ཡིན་པ”དེ་ཐོག་མཐའ་བར་གསུམ་དུ་སེམས་ལ་བརྟན་པོར་བཅངས་ཤིང་། ཁྲིམས་བཀོད་འགན་འཁྲི་ངེས་པར་དུ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྱོད་གཞི་ཐག་གཅོད་ཀྱི་སྤུས་ཚད་དང་། ལས་ཕྱོད། ཕན་འབྲས་བཅས་ཁྲིམས་འཛིན་དྲང་སྙོམས་དྲང་བདེན་ཐོག་གཅིག་གྱུར་ཡོང་བར་བྱས་ཡོད།
ཉེས་དོན་གཏུག་བཤེར་གྱི་ལས་རིམ་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྤྱི་བདེ་དང་། བདེ་འཇགས། འགག་སྒོ། མཐའ་མཚམས་ཞིབ་བཤེར་བཅས་སྡེ་ཚན་དབར་མྱུལ་ཞིབ་ལྟ་སྐུལ་དང་རོགས་ལས་གཞོགས་འདེགས་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། དོན་དངོས་ཐོག་ནས་ལས་དོན་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། ཉེས་དོན་གྱོད་ཁོངས་སུ་འཇུག་པ་དང་མྱུལ་ཞིབ་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལྟ་སྐུལ་འོག་གྱོད་གཞི་ཁག་43གྱོད་ཁོངས་སུ་བཅུག་པ་དང་གྱོད་གཞི་ཁག་89ཕྱིར་འཐེན་བྱས་པ། མྱུལ་ཞིབ་བྱེད་སྤྱོད་ཀྱི་ཁྲིམས་འགལ་གྱོད་གཞི་ཁག་626ཡིག་ཐོག་ནས་ཡོ་བསྲང་བྱས་ཏེ་ཁག609དང་ལེན་བྱས་པ་དེ་དང་ལེན་བྱས་ཚད་95.6%ཟིན་པ་དང་། མི་27བདའ་འདེད་འོག་འཛིན་བཟུང་དང་གཏུག་བཤེར་བྱས་ཡོད། ཉེས་དོན་འདྲི་གཅོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྲིམས་ལྟར་རྒོལ་གཏུག་ཁག་14བྱས་པ་ལས་ཁྲིམས་ཁང་གིས་གྱོད་གཞི་ཁག་9འདྲི་ཞིབ་མཐའ་འདོམས་ཀྱིས་དང་ལེན་བྱས་ཡོད། འདྲི་གཅོད་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་གྱོད་གཞི་ཁག་37ཡིག་ཐོག་ནས་ཡོ་བསྲང་བྱས་ཏེ་གྱོད་གཞི་ཁག་37དང་ལེན་བྱས་ཡོད། བཙོན་ཁང་དང་། ལྟ་སྲུང་ཁང་། སྡེ་ཁུལ་ཡོ་བསྲང་ལས་ཁུངས་བཅས་ལ་བཅས་ཁྲིམས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྐོར་སྐྱོད་ཞིབ་དཔྱོད་བྱས་པ་བརྒྱུད་གྱོད་གཞི་ཁག་112ཡོ་བསྲང་བྱས་པ་དང་། ཞིབ་དཔྱོད་གྲོས་འཆར་ཁག་25བཟོ་འགྲེམས་བྱས་པ་དང་། “ཡང་འགྲོལ་ཕྱི་གསུམ”གྱི་གྱོད་གཞི་ཁག་859ལ་ཞིབ་བཤེར་བྱས་ཏེ་ལྟ་སྐུལ་གྲོས་འཆར་ཁག་230བཏོན་ཡོད། རྒྱུ་ནོར་ཉེས་ཆད་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། 2018ལོ་ནས་བཟུང་ཉེས་དོན་གྱི་རྩིས་འགྲོ་ཐོན་པའི་ཁྲིམས་གཅོད་ཁྲོད་ཀྱི་རྒྱུ་ནོར་རང་བཞིན་གྱི་ཉེས་ཆད་ལག་བསྟར་བྱས་ཚུལ་ལ་ཆེད་དོན་ལྟ་སྐུལ་བྱས་ནས་གྱོད་གཞི་ཁག་548དང་སྒོར་ཁྲི་2976ལྷག་ཙམ་ལྟ་སྐུལ་འོག་ལག་བསྟར་བྱེད་མཇུག་འགྲིལ་ཡོད།
དམངས་དོན་ཐད་ཞིབ་དཔྱོད་ལྟ་སྐུལ་གནད་སྨིན་བྱ་རྒྱུ་དམ་འཛིན་བྱས་ཤིང་། དོ་བདག་གི་གཏུག་བཤེར་བྱེད་དབང་ལ་བརྩི་འཇོག་དང་འགན་སྲུང་བྱས་པ་དང་། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་འདྲི་གཅོད་དབང་ཆ་དང་ལག་བསྟར་དབང་ཆ་སྤྱོད་པར་ལྟ་སྐུལ་དང་རྒྱབ་སྐྱོར་བྱས་ཏེ། ལོ་ཧྲིལ་པོར་དམངས་དོན་ཐད་ཞིབ་དཔྱོད་ལྟ་སྐུལ་བྱས་པའི་གྱོད་གཞི་སྣ་ཚོགས་ཁག་1903ཐག་གཅོད་བྱས་ཡོད། དམངས་དོན་གྱི་རྩིས་འགྲོ་ཐོན་པའི་ཁྲིམས་གཅོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒོལ་གཏུག་ཁག་6དང་འདྲི་གཅོད་བསྐྱར་མ་བྱ་རྒྱུའི་ཞིབ་དཔྱོད་གྲོས་འཆར་ཁག་26བཏོན་པ་ལས་ཁྲིམས་ཁང་གིས་ཁག་26དང་ལེན་བྱས་པ་རེད། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས“འཁོར་གཏོང་ཡུལ་སྐོར”གྱི་རླངས་འཁོར་བོགས་གཏོང་ཐད་བྱུང་བའི་ལྗོངས་ཡོངས་ཀྱི་དམངས་དོན་རྩོད་གཞིའི་གྱོད་གཞི་ཐོག་མ་དེར་རྒོལ་གཏུག་བྱས་པར་ལྗོངས་མཐོ་རིམ་ཁྲིམས་ཁང་གིས་ཁྲིམས་ལྟར་ཁྲིམས་ཆད་སྒྱུར་གཅོད་བྱས་ཡོད། དམངས་དོན་གྱི་འདྲི་གཅོད་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིབ་དཔྱོད་གྲོས་འཆར་ཁག100བཏོན་པ་ལས་ཁྲིམས་ཁང་གིས་ཁག་100དང་ལེན་བྱས་པར་དང་ལེན་བྱེད་ཚད་100%ཟིན་ཡོད། གཞིས་རྩེ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ཁང་ཁག་གཅིག་གི་འདྲི་གཅོད་གོ་རིམ་དང་ལག་བསྟར་བྱེད་སྒོའི་ཁྲོད་གནས་པའི་གནད་དོན་ལ་དམིགས་ནས་ཕྱོགས་བསྡུས་ལྟ་སྐུལ་བྱས་པ་དང་སྦྲགས་ཞིབ་དཔྱོད་གྲོས་འཆར་བཟོས་འགྲེམས་བྱས་ཏེ་ཡོ་བསྲང་བྱས་ཡོད། དམངས་དོན་ལག་བསྟར་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིབ་དཔྱོད་གྲོས་འཆར་ཁག་86བཏོན་ནས་ཁྲིམས་ཁང་གིས་ཁག་84དང་ལེན་བྱས་པར་དང་ལེན་བྱེད་ཚད་97.7%ཟིན་ཡོད། ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་ལག་བསྟར་བྱས་ཟིན་པའི་གྱོད་གཞི“ཁ་དན་ཚིག་ལ་མ་གནས་པའི་མིང་ཐོ་ནག་པོར”ཁྲིམས་ཁང་ལ་དུས་ཐོག་ཏུ་བཟོ་བཅོས་རྒྱག་རྒྱུར་ལྟ་སྐུལ་བྱས་ནས་ལག་བསྟར་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཐོབ་ཡོད། གཏུག་བཤེར་རྫུན་མར་ཁྲིམས་ལྟར་ཉེས་ཆད་བཅད་ནས་འབྲེལ་ཡོད་གྱོད་གཞི་ཁག་19ཐག་གཅོད་བྱས་པ་རེད། སྨན་གླིང་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་གཏུག་བཤེར་རྫུན་མ་བྱས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གཡོ་ལེན་བྱས་པའི་གྱོད་གཞི་ཁག་30ལ་རིགས་འདྲའི་གྱོད་གཞིའི་ལྟ་སྐུལ་བྱས་ཏེ་ཁྲིམས་ཁང་གིས་ཁྲིམས་ལྟར་ཡོ་བསྲང་བྱས་པ་རེད།
སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གཏིང་ཟབ་སྤེལ་ཞིང་། སྲིད་འཛིན་ཞིབ་དཔྱོད་ཀྱི་འགན་འཁྲི་ཁྲིམས་ལྟར་བསྒྲུབས་ཏེ། ཁྲིམས་སྐྱོང་བོད་ལྗོངས་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད། ལོ་ཧྲིལ་པོར་སྲིད་འཛིན་གྱི་ཞིབ་དཔྱོད་ལྟ་སྐུལ་གྱོད་གཞི་ཁག་1608ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་58.4%འཕར་ཡོད། སྲིད་འཛིན་གྱི་རྩིས་འགྲོ་ཐོན་པའི་ཁྲིམས་གཅོད་དང་། འདྲི་གཅོད། ལག་བསྟར་བཅས་ཀྱི་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད། སྲིད་འཛིན་གྱི་རྩིས་འགྲོ་ཐོན་པའི་ཁྲིམས་གཅོད་ལ་ལྟ་སྐུལ་བྱས་པའི་གྱོད་གཞི་ཁག་8ཐག་གཅོད་བྱས་པ་དང་། སྲིད་འཛིན་འདྲི་གཅོད་བྱེད་སྒོར་ལྟ་སྐུལ་བྱས་པའི་གྱོད་གཞི་ཁག་34ཐག་གཅོད་བྱས་ཏེ་ཞིབ་དཔྱོད་ཀྱི་གྲོས་འཆར་ཁག་17བཏོན་ནས་དང་ལེན་བྱེད་ཚད་100%ཟིན་ཡོད། སྲིད་འཛིན་ལག་བསྟར་བྱེད་སྒོར་ལྟ་སྐུལ(སྲིད་འཛིན་གཏུག་བཤེར་མིན་པ་ལག་བསྟར་བྱས་པ་ཚུད་པ)བྱས་པའི་གྱོད་གཞི་ཁག་28ཐག་གཅོད་བྱས་ཏེ་ཞིབ་དཔྱོད་ཀྱི་གྲོས་འཆར་ཁག་26བཏོན་ནས་དང་ལེན་བྱེད་ཚད་92.9%ཟིན་ཡོད། ཞིབ་དཔྱོད་དབང་ཚད་ཁོང་དུ་ཆུད་པར་བྱས་ཏེ། སྲིད་འཛིན་དབང་ཆའི་འཁོར་སྐྱོད་ཆོས་ཉིད་ལ་བརྩི་སྲུང་གིས་སྲིད་འཛིན་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ལྟ་སྐུལ་བྱས་པའི་གྱོད་གཞི་ཁག་570ཐག་གཅོད་བྱས་ནས་ཞིབ་དཔྱོད་ཀྱི་གྲོས་འཆར་ཁག་266བཏོན་ཏེ་དང་ལེན་བྱེད་ཚད་95%ཟིན་ཡོད། ཁྲིམས་ཆད་ལག་བསྟར་གྱི“ལྡོག་འབྲེལ”ལ་ཤུགས་སྣོན་བརྒྱབ་སྟེ། གཏུག་བཤེར་བྱེད་རྒྱུ་མིན་པའི་ཐག་བཅད་ཀྱང་སྲིད་འཛིན་གྱི་ཆད་པ་གཅོད་དགོས་པའི་མི་526ལ་ཞིབ་དཔྱོད་ཀྱི་གྲོས་འཆར་བཏོན་ནས་མི་455ལ་སྲིད་འཛིན་གྱི་ཆད་པ་བཅད་ཐོག “ཉེས་མིན་ཆད་མེད”བྱེད་རིགས་མི་ཡོང་བ་བྱས་ནས“ཉེས་བསྟུན་ཆད་གཅོད”ཐུབ་པར་འགན་ལེན་བྱས་ཡོད། སྲིད་འཛིན་རྩོད་གཞི་ཁྲིམས་ལྟར་དོན་དངོས་ཐོག་བསལ་ནས་འབྲེལ་ཡོད་གྱོད་གཞི་ཁག་6ཐག་གཅོད་བྱས་ཡོད། དཔའ་ཤོད་རྫོང་ཞིབ་དཔྱོད་ཁང་གིས“མཉམ་འབྲེལ་འདུམ་འགྲིག+ཁྲིམས་འཛིན་གཏན་འཁེལ”གྱིས་སྲིད་འཛིན་རྩོད་གཞི་བསལ་ནས་ཞིང་པ་ལས་མི་43ལ་འགྱངས་ཆད་གླ་ཆ་སྒོར་ཁྲི་138ལྷག་ཙམ་འདེད་ལེན་བྱེད་རོགས་བྱས་ཡོད།
སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཅིང་། 《དུས་རབས་གསར་པའི་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁག་1851ཐག་གཅོད་བྱས་ནས་ཞིབ་དཔྱོད་ཀྱི་གྲོས་འཆར་ཁག་714བཏོན་ཡོད། སྐྱེ་ཁམས་ཁོར་ཡུག་དང་། བཟའ་བཅའ་དང་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་གྱོད་གཞི་ཞིབ་གཅོད་བྱེད་ཤུགས་ཆེ་རུ་བཏང་བའི་རྨང་གཞིའི་ཐོག གསར་སྣོན་བྱས་པའི་ཁྲིམས་བཀོད་ཁྱབ་ཁོངས་ཀྱི་གྱོད་གཞི་ཞིབ་གཅོད་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་ཡོད། རིག་དངོས་དང་རིག་གནས་ཤུལ་བཞག་གི་སྤྱི་ཕན་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་གྱོད་གཞི་ཁག་42ཐག་གཅོད་བྱས་ཡོད། ལྷ་ས་ཞིབ་དཔྱོད་ལས་ཁུངས་ཀྱིས“བར་སྐོར་གནའ་གྲོང་རིག་དངོས་སྲུང་སྐྱོབ”ཀྱི་ཆེད་དོན་བྱེད་སྒོ་སྤེལ་ནས་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁག་21གྱོད་ཁོངས་སུ་བཅུག་སྟེ་ཐག་གཅོད་བྱས་ཡོད། སྣེ་གདོང་ཆུས་ཞིབ་དཔྱོད་ཁང་གིས་བོད་ཀྱི་གྲོང་གསེབ་ཀྱི་གཞི་རིམ་ཏང་ཀྲི་པུའུ་དང་པོའི(ཁེ་གསུམ་གྲོང་ཚོ)གནས་ཡུལ་རྙིང་པར་གཏོར་སྐྱོན་ཕོག་པའི་གནད་དོན་གྱོད་ཁོངས་སུ་བཅུག་སྟེ་ལྟ་སྐུལ་བྱས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱིས་ཉམས་གསོ་དང་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་ཡོད། མཚོ་ཆེན་རྫོང་ཞིབ་དཔྱོད་ཁང་གིས་སྲིད་འཛིན་ལས་ཁུངས་ནས་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རིག་དངོས་ལྷ་རོང་སྨུག་ཆོང་རིའི་བྲག་བརྐོས་རི་མོ་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པར་སྐུལ་འདེད་བཏང་ཡོད། སྤྱི་པའི་བདེ་འཇགས་ཁྱབ་ཁོངས་ཀྱི་སྤྱི་ཕན་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་གྱོད་གཞི་ཁག་83ཐག་གཅོད་བྱས་ཡོད། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། འཕྲལ་སྡོམ་ཐིང་། འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ལྟ་སྐུལ་བྱས་ཏེ། གནམ་ཐང་དང་། དགོན་སྡེ། སློབ་གྲྭ་སོགས་སྤྱི་པའི་འདུ་གནས་ཀྱི་AED(སྙིང་ལྡིང་སྙོམས་ཆས)དང་། མྱུར་སྐྱོབ་སྨན་རྫས་གྲབས་གཤོམ་དང་ལྟ་སྡོམ་བྱེད་སྟངས་ཚད་ལྡན་དུ་བཏང་ཡོད། རྒྱལ་ཁབ་ས་ཆ་དང་གཞུང་ཁོངས་རྒྱུ་ནོར་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་འབྲེལ་ཡོད་གྱོད་གཞི་ཁག་88ཐག་གཅོད་བྱས་ཡོད། ལྷ་ས་ཞིབ་དཔྱོད་ལས་ཁུངས་ཀྱིས་གཙོ་འགན་སྡེ་ཚན་ལ་རྨོ་ཞིང་བཟུང་སྤྱོད་ཀྱི་ཁྲལ་དངུལ་སྒོར་ཁྲི་2417དང་སྒྲིག་འགལ་ངང་བླངས་པའི་རྒན་གསོའི་དངུལ་སྒོར་ཁྲི་153ལྷག་ཙམ་སྤྲོད་ལེན་བྱེད་པར་སྐུལ་འདེད་བཏང་ཡོད། ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ལྟ་སྐུལ་བྱས་ནས། རྒྱལ་ཁབ་ཀྱི་ས་ཆ་ནང་བཤུག་བྱས་པའི་གྲོན་དངུལ་སྒོར་ཁྲི་2275དང་ཁེ་ལས་ཀྱིས་དཔྱ་ཁྲལ་ཆད་སྤྲོད་བྱས་པའི་དངུལ་སྒོར་ཁྲི་47སྤྲོད་ལེན་བྱས་ཡོད། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་རིམ་རྩིས་བརྒྱབ་ན་སྒྲིག་འགལ་ངང་བླངས་པའི་རྒན་གསོའི་དངུལ་ཁྱོན་སྒོར་ཁྲི་650ལྷག་ཙམ་སྤྲོད་ལེན་བྱེད་པར་སྐུལ་འདེད་བཏང་ཡོད།
ལས་ཐོག་ཉེས་གསོག་ལ་ཞིབ་དཔྱོད་དང་ཞིབ་དཔྱོད་མྱུལ་ཞིབ་བྱེད་པའི་ལས་ཀ་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་བརྒྱབ་ཅིང་། གྱོད་གཞི་ཐག་གཅོད་སྦྲེལ་མཐུད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་ལྟར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཉམ་ཤུགས་སྟོབས་ཆེར་བཏང་སྟེ། ལས་ཐོག་ཉེས་གསོག་གྱོད་གཞི་ཁག་96ལ་སྔ་བསྣུར་ནས་ཐེ་ཞུགས་བྱས་ཤིང་། གྱོད་གཞི་ཁག་93དང་མི་98ཞུ་གཏུག་བརྒྱབ་ཡོད། ཉེས་གསོག་ཡོང་འབབ་སྒོར་ཁྲི་634.9ལྷག་ཙམ་ཁྲིམས་ལྟར་འདེད་ལེན་བྱས་ནས་རྒྱལ་མཛོད་དུ་ཡར་སྤྲོད་བྱས་ཡོད། མངའ་རིས་ཞིབ་དཔྱོད་ཡན་ལག་ཁང་གིས་ཡང་ཆེ་གེ་མོས་ཉེར་ཕྱོགས་ཁྲིམས་འགལ་དང་། ལྐོག་རྔན་བླངས་པ། ཁྲིམས་འགལ་གྱིས་མེ་མདའ་ཉར་བ་བཅས་ཀྱི་གྱོད་གཞིར་ཞིབ་བཤེར་ཞུ་གཏུག་བརྒྱབ་པ་དང་། ཉིང་ཁྲི་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་བཙོན་ཁང་ལྟ་འདོམས་མི་དམངས་ཉེན་རྟོག་པ་ཧྲོས་ཆེ་གེ་མོ་སོགས་མི་6གིས་རྐང་བཙུགས་ནས་གནོད་འཚེ་བཏང་བའི་གྱོད་གཞི་ཁྲིམས་ལྟར་ཐག་གཅོད་བྱས་པ་དེ་རྒྱལ་ཡོངས་ཀྱི་དཔེ་མཚོན་གྱོད་དཔེར་བདམས་པ་རེད། ཞིབ་དཔྱོད་མྱུལ་ཞིབ་ལས་དོན་ཚད་ལྡན་དུ་བཏང་ནས། གྲོང་ཁྱེར་ཡན་ལག་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མྱུལ་ཞིབ་སྒྲིག་གཞི་ལེགས་སྒྲིག་དང་གསར་འཛུགས་བྱས་ཏེ། ཞིབ་དཔྱོད་དང་མྱུལ་ཞིབ་གཞི་གཅིག་ཅན་གྱི་ལམ་སྲོལ་དོན་འཁྱོལ་གཏིང་ཟབ་བྱས་པ་དང་སྦྲགས། ལོ་ཧྲིལ་པོར་གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱས་པའི་མི་5དང་། ལྟ་སྐུལ་ཨུ་ལྷན་དང་མཉམ་དུ་གྱོད་ཁོངས་གཉིས་འཇུག་བྱས་པའི་མི་1ཡོད། གྱོད་གཞི་སྒྲུབ་སྐབས་ཤེས་རྟོགས་བྱུང་བའི་གཞུང་ལས་པས་ཁྲིམས་འགལ་སྒྲིག་འགལ་བྱས་པའི་ཁུངས་སྣེ་རིགས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་ཐག་གཅོད་བྱེད་པར་རྩིས་སྤྲོད་བྱས་པའི་གྱོད་གཞི་ཁག་30ཡོད།
བཞི། བྱ་གཞག་ཆེད་འགན་འཁྲི་ཁུར་བ་དང་བོད་ཀྱི་ཞིབ་དཔྱོད་ལས་ཀའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ།
“མ་ལག་གི་འདུ་ཤེས་དང་། ཁྲིམས་སྐྱོང་གི་བསམ་གཞི། རྨང་བརྟན་གྱི་ཁྲིད་ཕྱོགས”བཅས་ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། རྨང་གཞི་བརྟན་གཏོང་དང་། ཆད་སྐྱོན་སེལ་བ། ལེགས་ཆ་སྤེལ་བ་བཅས་བྱས་ནས། བོད་ཀྱི་ཞིབ་དཔྱོད་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་གཞི་རིམ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད།
དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“གཞན་ལས་ལྷག་པ་བཞིའི”ཆབ་སྲིད་ཀྱི་བླང་བྱ་མཐའ་འཁྱོངས་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་པ་གཙང་བ། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་ས་མཐོའི་ཞིབ་དཔྱོད་ཀྱི་ཧྲག་དམག་ཅིག་མུ་མཐུད་བཏོད་ཡོད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་བ། “གྲོས་གཞི་ཨང་དང་པོའི”ལམ་ལུགས་རྒྱུན་འཁྱོངས། ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ལ་དམ་འཛིན་ནན་པོ་བྱས་པར་བརྟེན། “གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་དེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་རང་མདངས་སུ་བཟུང་ཡོད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ལྗོངས་ཏང་ཨུད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ལས་ཀའི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ཆབ་སྲིད་ཀྱི་ཐོག་ནས་བསམ་གཞིག་དང་ཁྲིམས་སྐྱོང་གི་ཐོག་ནས་ཤུགས་བརྒྱབ་ཐོག ཏང་གི་སྲིད་ཇུས་ལག་བསྟར་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལག་བསྟར་བྱེད་རྒྱུ་གཅིག་གྱུར་ཡོང་བ་བྱས་པ་དང་། ཏང་གི་འགོ་ཁྲིད་གཙང་བཙན་བྱ་རྒྱུ་དེ་ཞིབ་དཔྱོད་ལས་ཀའི་ཕྱོགས་གང་ཅིའི་ཐད་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་མཐར་ཕྱིན་བྱས་ཡོད། རིམ་ཁག་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གྱོད་གཞི་ཁག་4185ཐག་གཅོད་བྱས་ཤིང་། ཅན་ཁྲ་ཀྲང་གིས་གཟུ་ཉན་ཐེངས་433གཙོ་སྐྱོང་བྱས་པ་དང་རིམ་མཚུངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་126ལ་ཟུར་ཞུགས་བྱས་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་སྲོལ་ཡིག》དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་ལག་བསྟར་ཞིབ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ། ལྗོངས་ཏང་ཨུད་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ལ་དོན་གནད་གལ་ཆེན་དང་གྱོད་གཞི་གལ་ཆེན་ཁག་73དགོངས་སྐོར་སྙན་སེང་ཞུས་ཡོད། ཕྱོགས་ཡོངས་ནས་ཞིབ་དཔྱོད་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། འོག་རིམ་ཞིབ་དཔྱོད་ཁང་ལ་འགོ་ཁྲིད་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། ཆབ་སྲིད་ལྟ་ཞིབ་ཀྱི“ཕྱི་མིག་ལྟ་བ”དང་། སྒྲིག་ཁྲིམས་དང་སྤྱོད་ཚུལ་ལ་ལྟ་ཞིབ། ནང་ཁུལ་གྱི་རྩིས་བཤེར་བཅས་བྱས་ཡོད། སྒྲིག་ཁྲིམས་ཞིབ་བཤེར་ལྟ་བཤེར་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་ཞིབ་དཔྱོད་མི་སྣ་2གྱོད་ཁོངས་སུ་བཅུག་པ་དང་ཞིབ་བཤེར་ཐག་གཅོད་བྱས་ཡོད། “གཏན་འབེབས་གསུམ” དོན་འཁྱོལ་གཏིང་ཟབ་བྱས་ནས་སྙན་ཞུ་408ཟིན་ཐོར་བཀོད་ཡོད། གྱོད་འབྲེལ་རྒྱུ་དངོས་ཐག་གཅོད་ཚད་ལྡན་མ་བྱུང་བའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་ནས་གྱོད་འབྲེལ་དངུལ་སྒོར་ཁྲི་338ཕྱིར་བསློགས་ཡོད།
ཕྱོགས་བསྡུས་ཀྱི་འཇོན་ཐང་དང་འགན་སྒྲུབ་ནུས་པ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ཏེ་ཆུ་ཚད་མཐོ་བའི་དོ་དམ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་གྱོད་གཞི་སྒྲུབ་རྒྱུར་སྐུལ་འདེད་བཏང་ཞིང་། རིམ་ཁག་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཚན་ཁག་ཧྲག་འདེམས་ཧྲག་སྒྲིག་བྱས་ཏེ། རིམ་ཁག་ཏང་ཨུད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག རིམ་པ་གསུམ་པའི་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཚན་པའི་མི་55ལེགས་སྒྲིག་དང་གསབ་སྣོན་བྱས་པ་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཅན་ཁྲ་ཀྲང་གཞོན་པ་བཀོད་སྒྲིག་བྱེད་ཚད་དེ་56%ནས་92%བར་འཕར་ཡོད། ན་གཞོན་ལས་བྱེད་པ“འདེམས་སྐྱོང་འདོམས་སྤྱོད”བྱེད་ཤུགས་ཆེ་རུ་བཏང་ནས་འཕྲལ་མཁོ་ཆེ་ཞིང་ཁ་ཐང་བའི་ཤེས་ལྡན་པ་15ནང་འདྲེན་བྱས་པ་དང་། ལོ་རབས་བརྒྱད་ཅུ་པའི་ནང་སྐྱེས་ཀྱི་ན་གཞོན་ལས་བྱེད་པ་230རྗེས་གྲབས་ལས་བྱེད་པའི་ཁུངས་མཛོད་ནང་བཅུག་པ། ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་རིགས་འདྲ་མིན་གྱི་སྦྱོང་བརྡར་ལ་ཞུགས་པའི་མི་ཐེངས་3700ཟིན་པ་བཅས་རེད། ཞིབ་དཔྱོད་སྒྱུར་བཅོས་ཟབ་སྤེལ་རྒྱུན་མཐུད་བྱས་ཏེ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བྱས་ནས། འགན་དབང་གསལ་ཐོ་བཟོ་བ་དང་ཞིབ་དཔྱོད་བྱེད་དབང་ལ་ཚོད་འཛིན་ལྟ་སྐུལ་བྱེད་པའི་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་སྦྲགས། ལྟ་སྐུལ་དོན་དག་ཆེ་རིགས་དེ་གྱོད་གཞི་ལྟར་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ་བརྟག་དཔྱད་བདེན་བསྡུར་ལས་ཀ་ཚད་ལྡན་དུ་བཏང་ཡོད། རྨང་གཞིའི་ལས་སྒོ་ལོ་གསུམ་ནང་མཐོར་འདེགས་གཏོང་བའི་བྱ་སྤྱོད་ལ་དམ་འཛིན་བྱས་ཏེ། ཞིབ་དཔྱོད་ལས་སྒོའི་དོ་དམ་བྱ་ཐབས་ཁག་25བཟོས་ནས་ལས་སྒོ་དོ་དམ་དང་། གྱོད་གཞི་དོ་དམ། སྤུས་ཚད་དོ་དམ་བཅས་གཞི་གཅིག་ཏུ་དམ་འཛིན་ཏན་ཏིག་བྱས་ནས་གྱོད་གཞི་ཁག་2148ལ་རྗེས་འདེད་དཔྱད་བཤེར་བྱས་པ་དང་། གྱོད་གཞི་ཁག་418ལ་ལས་རིམ་གྱི་ལྟ་འདོམས་བྱས་ཏེ། ཆུ་ཚད་མཐོ་བའི་དོ་དམ་ལ་བརྟེན་ནས་སྤུས་ཕྱོད་གཉིས་ལེགས་ཀྱིས་གྱོད་གཞི་ཐག་གཅོད་ལ་སྐུལ་འདེད་ཐེབས་པ་བྱས་ཡོད། ཏང་འཛུགས་སྐྱོང་ཤུགས་ཆེར་བཏང་བར་བརྟེན་དཔུང་ཁག་འཛུགས་སྐྱོང་ལ་སྣེ་ཁྲིད་བྱས་ཏེ། “བོད་ལྗོངས་ཞིབ་དཔྱོད་ཀྱི་གངས་ལྷ་མེ་ཏོག་བཞད”ཅེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་ནས། སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ཁག་གཅིག་ཐོན་པ་དང་། བློ་མཐུན་5ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་ཡོད། གཞིས་རྩེ་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱས་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཁས་ལེན་ཐོབ་ཡོད།
གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་བཙུགས་ཏེ་བོད་ཀྱི་ཞིབ་དཔྱོད་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཞིང་། གཞི་རིམ་གྱི་ཞིབ་དཔྱོད་ཁང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས། གཞི་རིམ་གྱི་ཞིབ་དཔྱོད་ཁང་ལ་ཞིབ་དཔྱོད་དཔོན་54ཧྲག་འདེམས་བསྐོ་གཏོང་བྱས་པའི་མི་གྲངས་ཀྱི་བསྡུར་ཚད་41.3%ཟིན་པ་དང་། ཞིབ་དཔྱོད་དཔོན་གྱི་ལས་རོགས་110གསར་དུ་བསྐོ་གཞག་དང་བསྐོ་སྒྱུར་བྱས་པའི་བསྡུར་ཚད་དེ་22.2%བར་འཕར་ཡོད། རེས་སྐོར་གསུམ་པའི“གཅིག་འཐུས་རྣམ་པའི”རོགས་ཁྲིད་སྒྲིག་འཛུགས་བྱས་ནས་གྱོད་གཞི་ཞིབ་གཅོད་ཚད་ལྡན་མིན་པའི་གནད་དོན་ཁག་600ལྷག་ཙམ་ཐག་གཅོད་བྱས་པ་དང་མཛུབ་ཁྲིད་བྱས་ཏེ་ཁུངས་སྣེ་553ཤེས་རྟོགས་བྱུང་ཡོད། གཞི་རིམ་གྱི“ཞིབ་དཔྱོད་ཁང་རེ་ལ་སྤུས་རྟགས་རེའི”ཁྱད་ལྡན་སྤུས་རྟགས་བཏོད་ཡོད། གྲོ་མོ་རྫོང་ཞིབ་དཔྱོད་ཁང་གི“བསྲུང་བྱ་བཞི་དང་བསམ་པ་བཞིའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པ་དེ་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་གཞི་རིམ་ཞིབ་དཔྱོད་ཁང་འཛུགས་སྐྱོང་གི་ཁྱད་ལྡན་སྤུས་རྟགས་ལ་བདམས་པ་རེད། གྲངས་འཛིན་ཞིབ་དཔྱོད་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་གྲངས་གཞི་ཆེན་མོའི་སྡེ་ཚན་ལས་བརྒལ་བའི་གྱོད་སྒྲུབ་ལས་སྟེགས་ཀྱི་ཞིབ་དཔྱོད་མཐའ་སྣེའི་དུས་ཁག་གཉིས་པའི་རིམ་སྤོར་སྒྱུར་བཀོད་ལེགས་གྲུབ་བྱུང་བ་མ་ཟད། དེར་བརྟེན་ནས་གྱོད་གཞི་ཁག་7024ཐག་གཅོད་བྱས་ཡོད། བཅའ་ཁྲིམས་ཀྱི་ལྟ་སྐུལ་ལ་གྲངས་འཛིན་གྱི་ནུས་པ་སྤྲོས་ཤུགས་ཆེ་རུ་བཏང་བ་དང་སྦྲགས། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ཁང་གིས་གྲངས་གཞི་ཆེན་མོའི་བཅའ་ཁྲིམས་ལྟ་སྐུལ་གྱི་འདྲ་དཔེ་250རང་སྐྲུན་དང་ནང་འདྲེན་བྱས་ཏེ། ཕྱོགས་ཡོངས་སུ་ཁྱབ་གདལ་བེད་སྤྱོད་ཐུབ་པ་དང་། གྱོད་གཞི་ཁག་696ཤེས་རྟོགས་བྱུང་བ་མ་ཟད་ཞིབ་བཤེར་ཐག་གཅོད་ཀྱང་བྱས་ཡོད། ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ཁང་གི“ཐད་གཏུག་ཕབ་ལེན”འདྲ་དཔེ་དེ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་དོ་དམ་ལས་སྟེགས་ཐོག་ཏུ་བཞག་ནས་ཁྱབ་གདལ་བཏང་ཡོད། ཞིབ་དཔྱོད་རོགས་སྐྱོར་ཟབ་སྤེལ་བྱས་ཏེ། ལས་སྒོའི་རྐང་འཛིན་པ་99བོད་དུ་རོགས་སྐྱོར་ལ་ཡོང་བར་མཐུན་སྦྱོར་བྱས་པ་དང་། ལས་བྱེད་ཉེན་རྟོག་པ་37ཁ་གཏད་ལས་ཁུངས་སུ་གནས་སྦྱར་སྦྱོང་བརྡར་བྱེད་པར་འདེམས་གཏོང་བྱས་ཡོད། རེས་སྐོར་གསར་པའི་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་ཁག་22བཞག་ནས་ལོ་ཧྲིལ་པོར་རོགས་སྐྱོར་མ་དངུལ་སྒོར་ཁྲི་1844བརྩོན་ལེན་བྱས་ཏེ་གཞི་རིམ་ཞིབ་དཔྱོད་ཁང་གི་སྒྲིག་ཆས་འགན་ལེན་ལེགས་བཅོས་བྱེད་པར་བཏང་ཡོད།
འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་ནང་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ། སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་བཅས་རང་འགུལ་ངང་དང་ལེན་ཞུས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྲིད་འཛིན་ཞིབ་དཔྱོད་ལས་དོན་གྱི་ཆེད་དོན་སྙན་སེང་ཞུས་པ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་གྲོས་ཞིབ་བསམ་འཆར་དོན་འཁྱོལ་བྱས་ཡོད། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། མི་དམངས་ལྟ་སྐུལ་བ་བཅས་གདན་ཞུ་བྱས་ནས་ཞིབ་དཔྱོད་གཟུ་ཉན་ལ་ཞུགས་པའི་མི་ཐེངས་1287ཡོད་པ་དང་། ཞིབ་དཔྱོད་ལས་དོན་ལ་གཟིགས་ཞིབ་མཛུབ་སྟོན་གནང་བར་ཕེབས་པའི་མི་ཐེངས་615ཡོད། ལྗོངས་མཐོ་རིམ་ཁྲིམས་ཁང་དང་སྤྱི་བདེ་ཐིང་དང་སྤེལ་རེས་གྲོས་མོལ་ལམ་སྲོལ་བཟོས་ནས་གཞོགས་འདེགས་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ཡོད། ཞིབ་དཔྱོད་ལས་དོན་ཡོངས་བསྒྲགས་ཟབ་སྤེལ་གྱིས་གྱོད་གཞིའི་གོ་རིམ་རང་བཞིན་གྱི་ཆ་འཕྲིན་3883ཁྱབ་བསྒྲགས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་གྱོད་གཞིར་ཤན་འབྱེད་བྱེད་པ་དང་ཁྲིམས་འཛིན་དྲང་གཞག་ཡིན་པ་ཤེས་སུ་བཅུག་ཡོད།
འཐུས་མི་རྣམ་པ། ལོ་གཅིག་གི་རིང་ལ་ལས་ཀར་གྲུབ་འབྲས་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བ་ལས་བྱུང་བ་ཞིག་དང་། འགག་རྩ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཡང་དག་པའི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་ལྟ་སྐུལ། སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན། སྲིད་གྲོས་ཀྱིས་དམངས་གཙོའི་ལྟ་སྐུལ་བཅས་ལས་བྱུང་བ་ཞིག་ཡིན་པ་མ་ཟད། འཐུས་མི་དང་ཨུ་ཡོན་རྣམ་པ་དང་། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱས་པའི་འབྲས་བུའང་ཡིན་པས། ངས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ནས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན།
ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་དེ་ཏང་དང་མི་དམངས་ཀྱི་བླང་བྱ་གསར་པ་དང་རེ་སྒུག་གསར་པ་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཡོད་པ་ང་ཚོར་ངོས་འཛིན་གསལ་པོ་བྱུང་། དེ་ཡང་གཅིག་ནི་སྤྱི་ཡོངས་ལ་ཞབས་འདེགས་དང་། མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན། ཁྲིམས་སྐྱོང་གི་འགན་འཁྲི་འཁུར་ལེན་བཅས་བྱེད་པར་ཞིབ་དཔྱོད་བྱ་ཐབས་སྤྱོད་ཤུགས་ད་དུང་ཆེ་རུ་གཏོང་དགོས་པ་དང་ལས་ཀའི་ཕན་འབྲས་ད་དུང་ཆེ་རུ་གཏོང་དགོས་འདུག གཉིས་ནི་ཞིབ་དཔྱོད་དཔུང་ཁག་གི་འཇོན་ཐང་ད་དུང་ཆེ་རུ་གཏོང་དགོས་པ་དང་ཁྲིམས་འཛིན་གྱོད་གཞི་ཚང་མ་སྤུས་ཕྱོད་གཉིས་ལེགས་ཀྱིས་ཐག་གཅོད་ཐུབ་པའི་འཇོན་ཐང་ད་དུང་ཆེ་རུ་གཏོང་དགོས་འདུག གསུམ་ནི་གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ཐད་ད་དུང་གནད་དོན་མང་པོ་འཕྲད་ཡོད་པས། རྨང་གཞི་བརྟན་དུ་གཏོང་རྒྱུ་དང་། དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། འགན་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་ཐད་ད་དུང་མུ་མཐུད་འབད་བརྩོན་བྱེད་དགོས་ཀྱི་འདུག དེ་བས་ང་ཚོས་ཏང་ཨུད་ཀྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ། ཕྱོགས་ཁག་གི་རྒྱབ་སྐྱོར་བཅས་ལ་བརྟེན་ནས་དཀའ་གནད་བསལ་ནས་རྣམ་པ་གསར་པ་ཞིག་གཏོད་པར་འབད་བརྩོན་བྱེད་དགོས་པ་བཅས་རེད།
2025ལོའི་ལས་དོན་བཀོད་སྒྲིག
ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་རེད་ལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོའང་རེད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་ནས《དུས་རབས་གསར་པའི་སྲིད་ཁྲིམས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》དང་། 《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》 《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་སྦྲགས། རང་རྟོགས་ངང་སྤྱི་ཡོངས་ལ་ཞབས་ཞུ་དང་། དམངས་ཆེད་ཁྲིམས་འཛིན། དམངས་ཆེད་ཁྲིམས་སྐྱོང་འགན་འཁུར་བཅས་བྱས་ནས་ཞིབ་དཔྱོད་ཀྱི་འགན་ནུས་གང་ལེགས་འདོན་སྤེལ་དང་། གྱོད་གཞི་ཐམས་ཅད་སྤུས་ཕྱོད་གཉིས་ལྡན་གྱིས་ཞིབ་དཔྱོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས།
གཅིག་ནས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། ཏང་གི་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་དེ་ཞིབ་དཔྱོད་ལས་དོན་གྱི་ཕྱོགས་གང་ཅིའི་ཐད་དང་བརྒྱུད་རིམ་ཡོངས་སུ་ལག་བསྟར་དོན་འཁྱོལ་བྱེད་དགོས། ཉེས་དོན་ཁྲིམས་འཛིན་དམ་ནན་དང་གུ་ཡངས་ཟུང་འབྲེལ་བྱེད་རྒྱུའི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་བཅས་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་ཉེས་གསོག་ལ་སྔ་ཕྱི་བར་གསུམ་དུ་རྡུང་རྡེག་ཚ་ནན་གཏོང་རྒྱུའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། ཉེས་ཆད་གཅོད་པ་དང་བཅོས་སྐྱོང་གཉིས་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས“འགལ་ཟླ་དང་ཉེན་ཁ་སེལ་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི”ཆེད་དོན་བཅོས་སྐྱོང་གཏིང་ཟབ་བྱེད་དགོས། ཁྱད་ལྡན་ཐོན་ལས་དང་། རྣམ་གྲངས་གལ་ཆེན། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་བཅས་ལ་ནུས་ཤུགས་ཡོད་རྒུས་ཞབས་ཞུ་དང་འགན་སྲུང་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དང་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་ཁྲིམས་འཛིན་ཐད་ཀྱི་སྲུང་བཅད་བརྟན་དུ་གཏོང་དགོས། མཐའ་བརྟན་མཐའ་དར་མཐའ་སྟོབས་བཅས་ཀྱི་ཁྲིམས་འཛིན་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། དམག་དཔུང་དང་ས་གནས་དབར་གྱི་རོགས་ལས་དང་ཕྱི་ཕྱོགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཐའ་མཚམས་དར་རྒྱས་གོང་འཕེལ་ལ་ཁྲིམས་སྐྱོང་གི་འདེགས་སྐྱོར་ནུས་ལྡན་ཐུབ་པ་བྱེད་དགོས།
གཉིས་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ཁྲིམས་ལྟར་ལག་བསྟར་ཡང་དག་བྱེད་དགོས། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་དང་། ཉེས་ཅན་ལ་ཆད་གཅོད་དང་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་པ་གཉིས་གལ་ཆེ་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཐོག ཉེས་དོན་ཞིབ་དཔྱོད་ཀྱི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གྱོད་དོན་ཐོ་འགོད་དང་། མྱུལ་ཞིབ། འདྲི་གཅོད། ལག་བསྟར་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་ལག་བསྟར་དང་ལྟ་སྐུལ་གྱི་ཆ་འཕྲིན་མཉམ་སྤྱོད་བྱེད་པ་དང་ལས་ཀར་མཐུན་སྦྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། དམངས་དོན་རྒོལ་གཏུག་གི་གྱོད་གཞི་དང་བསྐྱར་ཞིབ་བྱེད་རྒྱུའི་ཞིབ་དཔྱོད་བསམ་འཆར་གྱི་སྤུས་ཚད་མཐོ་རུ་གཏོང་དགོས་པ་མ་ཟད། དུས་ཐོག་ཏུ་ལྟ་སྐུལ་བྱེད་པར་བརྟེན་ནས་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་ལ་སྐུལ་འདེད་གཏོང་དགོས། སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱི་ཁྱབ་ཁོངས་དང་། བྱེད་སྟངས། གོ་རིམ་བཅས་ཡང་དག་ཁོང་དུ་ཆུད་པར་བྱས་ནས་སྲིད་འཛིན་གཏུག་བཤེར་གྱི་ལྟ་སྐུལ་དང་། སྲིད་འཛིན་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ལྟ་སྐུལ། ཁྲིམས་ཆད་ལག་བསྟར་གྱི་ལྡོག་འབྲེལ་བཅས་ཀྱི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། གཞུང་ལས་མི་སྣར་ལས་ཐོག་ཁྲིམས་འགལ་ལམ་ཡང་ན་ཉེས་གསོག་གི་དོགས་གཞི་ཡོད་པ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་རྩིས་སྤྲོད་བྱེད་དགོས། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འཇུག་སྒོ་གནད་འཁེལ་བཙལ་ནས། ཁྲིམས་གཏན་འཁེལ་བའི་ཁྱབ་ཁོངས་ནང་གྱོད་གཞི་ཐག་གཅོད་བྱེད་པར་མུ་མཐུད་དམ་འཛིན་ཡག་པོ་དང་། གྱོད་གཞི་ཐག་གཅོད་ཀྱི་སྤུས་ཚད་ལ་སྔར་བས་སྣང་ཆེན། རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་སྲུང་སྐྱོང་སྔར་བས་ལེགས་པ་བཅས་བྱེད་དགོས།
གསུམ་ནས་རྒྱང་ལམ་གསར་པར་བོད་ཀྱི་ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དཔུང་ཁག་འཛུགས་སྐྱོང་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་ཤེས་ལྡན་པ་འདེམས་བསྐོ་དང་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཏང་འཛུགས་སྐྱོང་དང་ལས་སྒོ་ཟུང་འབྲེལ་དམ་ཟབ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་སྦྲགས། ཆབ་སྲིད་འཛུགས་སྐྱོང་དང་། དཔུང་ཁག་འཛུགས་སྐྱོང་། ལས་སྒོ་འཛུགས་སྐྱོང་བཅས་གཞི་གཅིག་ཅན་ལ་དམ་འཛིན་ཏན་ཏིག་བྱེད་དགོས། ཞིབ་དཔྱོད་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་སྤེལ་ཏེ་གཞི་གཅིག་ཏུ་འགན་འཁྲི་སྒྲུབ་པ་དང་། ཕྱོགས་བསྡུས་ཀྱིས་འགན་འཁྲི་སྒྲུབ་པ། སྤུས་ཕྱོད་གཉིས་ལྡན་གྱིས་འགན་འཁྲི་སྒྲུབ་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ལས་སྒོ་དོ་དམ་དང་། གྱོད་གཞི་དོ་དམ། སྤུས་ཚད་དོ་དམ་བཅས་ལ་དམ་འཛིན་ནན་པོ་བྱས་ཏེ། “བྱེད་མཁས་པོ་གསུམ”ལ་བརྟེན་ནས“སྤུས་ཕྱོད་གཉིས་ལྡན་གྱིས་གྱོད་གཞི་རེ་རེ་བཞིན་ཐག་གཅོད་བྱེད་དགོས” གྲངས་འཛིན་ཞིབ་དཔྱོད་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། བཅའ་ཁྲིམས་ཀྱི་ལྟ་སྐུལ་འདུ་ཤེས་དང་། བྱེད་སྟངས། ཕན་ནུས་བཅས་ལ་འགྱུར་ལྡོག་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཞིབ་དཔྱོད་ནན་སྐྱོང་གི་འགན་འཁྲི་གཙོ་བོ་ནན་འཁུར་དང་ནན་དཀྲིས་བྱས་ཏེ། “རུལ་སུངས་མི་བྱེད་པ་གསུམ”ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས། ཏང་ལ་ལྷག་བསམ་རྣམ་དག་དང་། འགན་འཁྲི་ཁུར་ཕོད་པ། སྤྱོད་གཙང་ནུས་ཆེ་བཅས་ཀྱི་ས་མཐོའི་ཞིབ་དཔྱོད་ཀྱི་དམག་ཧྲག་ཅིག་ཧུར་ཐག་གཏོད་དགོས།
འཐུས་མི་རྣམ་པ། ལོ་གསར་པའི་ནང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་དང་། ཁྲིམས་ལྟར་ལྷག་བསམ་རྣམ་དག་གིས་ལས་འགན་གཙང་སྒྲུབ་དང་། འགན་འཁྲི་ཁུར་ལེན། ལྟ་སྐུལ་བྱེད་ཕོད་པ། རང་ངོས་ལ་ལྟ་སྐུལ་བྱེད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་ཞིབ་དཔྱོད་ཀྱི་སྟོབས་ཤུགས་སྐྱེས་སུ་ཧུར་ཐག་འབུལ་བ་དང་དེ་བས་གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།
(རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)