ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
གསར་དུ་བཟོ་བཅོས་བརྒྱབ་པའི《གཏེར་ཁའི་ཐོན་ཁུངས་སྐོར་གྱི་བཅའ་ཁྲིམས》གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་དང་རྩིས་བཤེར་དག་ཐེར་དང་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ།
ཚེས་19ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། གསར་དུ་བཟོ་བཅོས་བརྒྱབ་པའི《གཏེར་ཁའི་ཐོན་ཁུངས་སྐོར་གྱི་བཅའ་ཁྲིམས》གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་དང་རྩིས་བཤེར་དག་ཐེར་དང་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ཚོགས་འདུའི་ཐོག་རང་བྱུང་ཐོན་ཁུངས་པུའུ་ཁྲིམས་སྲོལ་སིའི་བློ་མཐུན་ཁྲེ་ཧེང་ཝུའེ་ཡིས་གསར་དུ་བཟོ་བཅོས་བརྒྱབ་པའི《གཏེར་ཁའི་ཐོན་ཁུངས་སྐོར་གྱི་བཅའ་ཁྲིམས》ལ་དམིགས་ནས་ཆེད་དོན་ཟུར་ཁྲིད་གནང་བ་རེད། ཚོགས་འདུའི་ཐོག《གཏེར་ཁའི་ཐོན་ཁུངས་སྐོར་གྱི་བཅའ་ཁྲིམས》གསར་པ་ནི་རང་བྱུང་ཐོན་ཁུངས་ཁྱབ་ཁོངས་སུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་གསོན་ཉམས་དོད་པོས་ལག་ལེན་བསྟར་བ་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་འགན་འཁྲིའི་འདུ་ཤེས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་གཏོང་བ་དང་། 《གཏེར་ཁའི་ཐོན་ཁུངས་སྐོར་གྱི་བཅའ་ཁྲིམས》གསར་པའི་ནང་གཏན་འཁེལ་བྱས་པའི་རྩ་དོན་དང་། ལམ་ལུགས། གཏན་འབེབས་བཅས་ལ་གོ་བ་གསལ་པོ་ལོན་པ་དང་ཁོང་དུ་ཡང་དག་ཆུད་པར་བྱེད་པ། སློབ་སྦྱོང་དང་བཀོལ་སྤྱོད་བྱེད་ནུས་ཆེ་རུ་གཏོང་བར་ཤུགས་རྒྱག་པ། དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། གཏེར་ཁའི་ཐོན་ཁུངས་དོ་དམ་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་དགོས་ཞེས་བསྟན་པ་རེད།
ཚོགས་འདུའི་ཐོག་རྩིས་བཤེར་གནད་དོན་གྱི་གསལ་ཐོའི་ནང་འཁོད་པའི་གནད་དོན་ཚང་མ་ནི་ཆབ་སྲིད་ཀྱི“ངེས་པར་དུ་ལན་འདེབས་དགོས་པའི་གནད་དོན”ཞིག་རེད་ལ།“འདུ་ཤེས་བཞི”ཟབ་ཏུ་གཏོང་ཐུབ་མིན་དང“སྲུང་སྐྱོང་གཉིས”ཐུབ་མིན་ལ་ཞིབ་བཤེར་བྱེད་པའི་རྡོ་ཀ་ཤུ་ཁ་ལྟ་བུའང་རེད། དེས་ན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག སྒྲིག་ཁྲིམས་ལ་བརྩི་སྲུང་བཅས་ཀྱི་མཐོ་ཚད་དང་། བླང་བྱ་ནན་ཤོས་དང་སྤྱོད་ཚུལ་ཏན་ཏིག་ཆེ་ཤོས་ཀྱི་ཐོག་ནས་གནད་དོན་ལ་ཐད་ཀར་དམིགས་ཏེ་འཕྲལ་མར་དག་ཐེར་བཅོས་སྒྲིག་དང་། འགན་འཁྲི་ཟབ་ཏུ་བཏང་ནས་དག་ཐེར་བཅོས་སྒྲིག་མཐར་ཕྱིན་བྱེད་པ། ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཕན་ཡུན་རིང་བའི་དག་ཐེར་བྱེད་པ། “སྐྱོན་ཡོད་ཡོ་བསྲང”དང“རང་སྐྱོན་སྔོན་འགོག”ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་ལམ་ལུགས་ཀྱི་སྐྱོན་ཆ་སྔར་བས་འགོག་སེལ་བྱེད་པ། “རྩིས་བཤེར་ཅུང་ཙམ་དང་ཚད་ལྡན་ཡུག་ཅིག”ཐུབ་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་པ་རེད།
ཚོགས་འདུའི་ཐོག་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་ནི“ཞིང་གསུམ”ལས་དོན་གྱི་ལྟེ་བའི་ལས་འགན་ཞིག་རེད་ལ། དམངས་འཚོའི་གནད་དོན་གལ་ཆེན་ཞིག་ཀྱང་རེད། དེས་ན་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་ནས་ལས་འགན་ཞིབ་ཚགས་སུ་གཏོང་བ་དང་། བྱེད་ཐབས་ཏན་ཏིག་སྤྱོད་པ། འགན་འཁྲི་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་དང་ལེགས་ཆ་ལྡན་པའི་ཐོན་ཁུངས་གཅིག་སྡུད་བྱས་ཏེ། ཞིང་འབྲོག་པའི་ཡོང་འབབ་ཆུ་ཚད་གང་མགྱོགས་མཐོ་རུ་གཏོང་དགོས་པ་དང་། ལས་སྟེགས་འཛུགས་པ་དང་གསོ་སྦྱོང་ལ་དམ་འཛིན་གྱིས་ཞིང་འབྲོག་པའི་ལག་རྩལ་དང་རྩལ་ནུས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ལས་ཞུགས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཐག་ཉེ་ས་དང་རང་ས་རང་ཡུལ་དུ་ལས་ཞུགས་ཐུབ་པ་དང་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས། མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་གཉིས་ཁེ་ཡོང་བར་བརྩོན་ལེན་དང་། ས་མཐོའི་ཁྱད་ཆོས་ལྡན་པའི་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་འབྲོག་པའི“ཐོན་སྐྱེད་ཆུང་ངུ”དང“ཁྲོམ་ར་ཆེན་པོ”གཉིས་མགྱོགས་མྱུར་སྦྲེལ་མཐུད་ནུས་ལྡན་བཅས་བྱས་ནས། ཐོན་ལས་ཀྱི་གནས་ཐང་འཕར་བའི་ཕན་འབྲས་དེ་བས་མང་བ་ཞིང་འབྲོག་ཁུལ་དང་ཞིང་འབྲོག་པར་ཐོབ་པར་བྱེད་དགོས། སྲིད་ཇུས་ལག་བསྟར་ལ་ཤུགས་སྣོན་དང་འདེགས་སྐྱོར་བྱེད་ཚུལ་བརྟན་དུ་གཏོང་བ་དང་། ཀྲུང་དབྱང་གིས་བསྩལ་བའི་དམིགས་བསལ་སྲིད་ཇུས་བེད་སྤྱོད་གང་ལེགས་དང་བེད་སྤྱོད་གང་ཐུབ་བྱེད་པ། ཞིང་རྒྱས་ཞིང་སྐྱོང་ཞིང་ཕྱུག་གསུམ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཞིང་འབྲོག་པའི་ཡོང་འབབ་རིམ་བཞིན་འཕར་སྣོན་བརྟན་པོ་ཡོང་བར་བྱེད་དགོས་ཞེས་བསྟན་པ་རེད།