དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན།

    2025ལོའི་ཟླ་1ཚེས་19ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-02-19

    འཐུས་མི་རྣམ་པ།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར། ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་སྔོན་རྩིས་འཆར་ཟིན་འདི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཕུལ་ནས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་བློ་མཐུན་རྣམ་པས་དགོངས་འཆར་འདོན་རོགས་ཞུ་རྒྱུ་ཡིན།

    གཅིག 2024ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ།

    2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་མཛུབ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་བཀོད་སྒྲིག་གཞིར་བཟུང་། “དོན་ཆེན་བཞིར”དམིགས་ཤིང“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཞིབ་བཤེར་ཆོག་མཆན་ཐོབ་པའི་སྔོན་རྩིས་ལག་བསྟར་ནན་པོ་བྱས་སྟབས། ལྗོངས་ཡོངས་དང་ལྗོངས་རིམ་པ་འདི་གའི་སྔོན་རྩིས་ལག་བསྟར་བྱས་ཚུལ་ཡག་པོ་བྱུང་ཡོད།

    2024ལོར་ལྗོངས་ཡོངས་ཀྱི་ནོར་སྲིད་ལས་དོན་ཐད་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི“ཤུགས་སྣོན་འོས་འཚམ་དང་སྤུས་འབྲས་ལེགས་གཉེར”གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་སྤྱི་ཡོངས་ཀྱི་ལག་བསྟར་བྱས་ཚུལ་ཏེ། གཅིག་ནི་ཤུགས་སྣོན་འོས་འཚམ་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས་ནོར་སྲིད་ཀྱི་གཙོ་རྒྱུའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ནོར་སྲིད་གཏོང་ཡོང་གི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ལྗོངས་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་ལོ་གཉིས་བསྟུད་མར་གཞི་ཁྱོན་གསར་གཏོད་བྱེད་ཚད་མཐོ་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། གནས་ཐང་འཕར་ཁྲལ་དང་འབབ་ཁྲལ་སོགས་དཔལ་འབྱོར་གྱི་གསོན་ཤུགས་མཚོན་པའི་ཁྲལ་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་ལོ་གཉིས་བསྟུད་མར་འཕྲོས་སྒྱུར་གསར་པ་བྱུང་མེད་པས་གཏོང་སྒོ་འཕར་ཚད་ཟླ་7བསྟུད་མར་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། བོད་ཀྱིས་ནོར་སྲིད་གཏོང་སྒོའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་བའི་བྱེད་ཐབས་དེ་2024ལོ་འཁོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་ལྟ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་བའི་དཔེ་མཚོན་ཉམས་མྱོང་གི་གྲས་སུ་བདམས་ཡོད་པ་མ་ཟད། རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ཡོད། གཉིས་ནི་སྤུས་འབྲས་ལེགས་གཉེར་ཡོང་བར་དམིགས་ནས་གཞུང་འཁྱོངས་གསར་འབྱེད་ཀྱིས་ནོར་སྲིད་དོ་དམ་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། སྲིད་ཇུས་དང་མ་དངུལ་གྱི་ནུས་ཕྱོད་ཆེ་རུ་ཟམ་མི་ཆད་པར་བཏང་ཡོད། “2+1”གི་ནོར་སྲིད་ཕྱོགས་བསྡུས་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་ཐོག ལྗོངས་ཀྱིས་རྫོང་དང་། སློབ་གསོ་དང་རང་བྱུང་ཐོན་ཁུངས་སོགས་ལ་ཐད་ཀར་དོ་དམ་བྱེད་པའི་ཁྱབ་ཁོངས་ཀྱི་ནོར་སྲིད་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་བྱ་རྒྱུ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནོར་སྲིད་ཀྱིས་ལྕག་སྐུལ་བྱ་རྒྱུ་སོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། གཞི་གསར་སྔོན་རྩིས་ཀྱི་བསམ་གཞིར་བརྟེན་ནས་གཏོང་སྒོའི་ཚད་གཞིའི་མ་ལག་འཛུགས་མགྱོགས་སུ་བཏང་བ། བརྒྱུད་རིམ་ཡོངས་ཀྱི་ལས་རྗེས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། ནོར་དོན་རྩིས་གཉེར་ལ་ལྟ་སྐུལ་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་པས་སྔོན་རྩིས་དོ་དམ་གྱི་ཆུ་ཚད་མཐོ་རུ་དང་། ནོར་སྲིད་གཏོང་སྒོའི་ལས་ཕྱོད་ཆེ་རུ། ནོར་དཔལ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཅས་མངོན་གསལ་དོད་དུ་ཕྱིན་ཡོད།

    (གཅིག) སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

    ནོར་སྲིད་ཀྱི་ཡོང་འབབ་མུ་མཐུད་ཅུང་མགྱོགས་ཙམ་འཕར་བ། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ནོར་སྲིད་ཡོང་འབབ་བསགས་སྒྲུབ་ཧུར་ཐག་བྱས་ཡོད། ལྗོངས་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་277.2ཟིན་ནས་17.1%འཕར་ཡོད། དེའི་ནང་ལྗོངས་རིམ་པ་འདི་གའི་ཡོང་འབབ་སྒོར་དུང་ཕྱུར་38.3ཟིན་ནས་28.3%འཕར་ཡོད། ནོར་སྲིད་ཡོང་འབབ་འཕར་ཚད་ཅུང་མཐོ་ཙམ་བྱུང་བ་ནི། གཅིག་ནས་དཔལ་འབྱོར་འཕར་ཚད་མྱུར་པོ་བྱུང་སྟེ་ཁྲལ་བསྡུའི་ཡོང་འབབ་གང་མགྱོགས་འཕར་རྒྱུར་སྐུལ་ཁྲིད་ཐུབ་པ་དང་། གཉིས་ནས་རིགས་ཁག་གི་རྒྱུ་ནོར་དང་མ་དངུལ་ཕན་སྒྱུར་བྱས་ནས་དེ་མཚུངས་ཀྱི་ཁྲལ་མིན་ཡོང་འབབ་མང་དུ་སོང་བས་ཡིན།

    ནོར་སྲིད་ཀྱི་གཏོང་སྒོ་ཤུགས་ཆེ་ཙམ་གཏོང་རྒྱུ་རྒྱུན་འཁྱོངས་ཐུབ་པ། ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་སྒྱུར་སྤྲོད་ཐོག་ནས་རྒྱབ་སྐྱོར་ཐོབ་ཐབས་ཧུར་ཐག་བྱས་པས་ལོ་ཧྲིལ་པོར་ཁྱོན་སྒོར་དུང་ཕྱུར་2580.8ཟིན་ཡོད། ཏང་སྲིད་ལས་ཁུངས་ཀྱིས་འཚོ་བ་སྐྱེལ་མཁས་པོ་བྱ་རྒྱུ་གོམས་འཇགས་སུ་གྱུར་ཞིང་། སྔོན་རྩིས་གཅུན་སྡོམ་ནན་པོ་བྱེད་པའི་བྱ་ཐབས་དོན་ཚན་ཉེར་བདུན་དངོས་སུ་བཏོན་ནས་དོན་འཁྱོལ་ནན་པོ་བྱས་ཏེ། ནོར་སྲིད་ཐོན་ཁུངས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་བཏང་བ་དང་། གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་གཏོང་སྒོའི་དགོས་མཁོ་འགན་སྲུང་ནུས་ལྡན་བྱས་ཡོད། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་2919.5ཟིན་ནས་3.9%འཕར་ཡོད། དེའི་ནང་ལྗོངས་རིམ་པ་འདི་གའི་གཏོང་སྒོ་སྒོར་དུང་ཕྱུར་634.5ཟིན་ཡོད། ལྗོངས་ཡོངས་ཀྱི་གཏོང་སྒོའི་གྲུབ་ཆའི་ཐད“གཙོ་གནད་གཉིས་ལ་ཕྱོགས་རྒྱུ”མངོན་འགྱུར་བྱུང་ཞིང་། དམངས་འཚོའི་གཏོང་སྒོས་བཟུང་བའི་བསྡུར་ཚད་84.1%བར་མཐོ་རུ་ཕྱིན་པ་དང་། གྲོང་ཁྱེར་དང་རྫོང་གི་གཏོང་སྒོས་བཟུང་བའི་བསྡུར་ཚད་78.3%བར་མཐོ་རུ་ཕྱིན་ཡོད་པས། གཉིས་ཀ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད།

    ནོར་སྲིད་ཀྱི་གཏོང་ཡོང་སྤྱིའི་ཆ་ནས་དོ་སྙོམས་བྱུང་བ། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་3924.1ཟིན་ཞིང་། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་277.2དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2580.8 སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་85 སྔོན་རྩིས་བརྟན་སྙོམས་ཐེབས་རྩར་བེད་སྤྱད་པ་སྒོར་དུང་ཕྱུར་578.1 ལོ་རིམ་བྱུང་གི་འཕྲོས་སྒྱུར་མ་དངུལ་སྒོར་དུང་ཕྱུར་368 སྒྱུར་འཇུག་མ་དངུལ་སྒོར་དུང་ཕྱུར་35བཅས་ཚུད་ཡོད། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་3924.1ཟིན་ཞིང་། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་2919.5དང་། ཀྲུང་དབྱང་ལ་གོང་འཇལ་ཞུས་པ་སྒོར་དུང་ཕྱུར་6.7 སྤྱིར་བཏང་གི་བུ་ལོན་འཇལ་སྤྲོད་སྒོར་དུང་ཕྱུར་38.5 ཕྱིར་སྒྱུར་མ་དངུལ་སྒོར་དུང་ཕྱུར་14 སྔོན་རྩིས་བརྟན་སྙོམས་ཐེབས་རྩར་ཁ་གསབ་བྱས་པ་སྒོར་དུང་ཕྱུར་698.3 ལོ་རྗེས་མར་མུ་མཐུད་དུ་བེད་སྤྱོད་རྒྱུར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་247.1(མ་དངུལ་འཕྲོས་སྒྱུར་བྱས་པ་ཚང་མ་སྔོན་རྩིས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ལག་བསྟར་ནན་པོ་བྱས་ཏེ། འཕྲོས་སྒྱུར་བྱེད་འབོར་ལོ་གོང་མ་དང་བསྡུར་ན་སྒོར་དུང་ཕྱུར་120.9ཆག་ཡོད)བཅས་ཚུད་ཡོད། ལྗོངས་རིམ་པ་འདི་གའི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་3021.5ཟིན་ཞིང་། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་38.3དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2580.8 སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་85 ས་གནས་གྲོང་ཁྱེར་གྱི་གོང་འབུལ་ཡོང་འབབ་སྒོར་དུང་ཕྱུར་22.7 སྔོན་རྩིས་བརྟན་སྙོམས་ཐེབས་རྩ་དང་ལོ་རིམ་བྱུང་གི་འཕྲོས་སྒྱུར་བྱས་པ་སོགས་སྒོར་དུང་ཕྱུར་294.7བཅས་ཚུད་ཡོད། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་3021.5ཟིན་ཞིང་། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་634.5དང་། གོང་འབུལ་གཏོང་སྒོ་སྒོར་དུང་ཕྱུར་6.7 སྤྱིར་བཏང་གི་བུ་ལོན་འཇལ་སྤྲོད་སྒོར་དུང་ཕྱུར་8 གྲོང་ཁྱེར་དང་རྫོང་ལ་ཁ་གསབ་རོགས་དངུལ་སྤྲད་པ་སྒོར་དུང་ཕྱུར་1818.6 གྲོང་ཁྱེར་དང་རྫོང་ལ་སྤྱིར་བཏང་གི་བུ་ལོན་སྒྱུར་གཏོང་བྱས་པ་སྒོར་དུང་ཕྱུར་71 ཕྱིར་སྒྱུར་མ་དངུལ་སྒོར་དུང་ཕྱུར་1.4 སྔོན་རྩིས་བརྟན་སྙོམས་ཐེབས་རྩར་ཁ་གསབ་བྱས་པ་སྒོར་དུང་ཕྱུར་431 ལོ་རྗེས་མར་མུ་མཐུད་བེད་སྤྱོད་རྒྱུར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་50.3(འཕྲོས་སྒྱུར་བྱེད་འབོར་ལོ་གོང་མ་དང་བསྡུར་ན་སྒོར་དུང་ཕྱུར་26.4ཆག་ཡོད)བཅས་ཚུད་ཡོད།

    (གཉིས) སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས།

    ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་40.5ཟིན་ནས་7.2%འཕར་བ་དང་། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་དང་ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སོགས་བསྣན་རྗེས། ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་621.7ཟིན་ཡོད། གཏོང་སྒོ་སྒོར་དུང་ཕྱུར་558.9ཟིན་ནས་340.9%འཕར་བ་དང་། དེའི་ཐོག་ཆེད་དམིགས་བུ་ལོན་གྱི་ངོ་འཇལ་གཏོང་སྒོ་སོགས་བསྣན་རྗེས། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་621.7ཟིན་ཡོད།

    ལྗོངས་རིམ་པ་འདི་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་4.4ཟིན་ནས་21.1%འཕར་བ་དང་། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་དང་ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སོགས་བསྣན་རྗེས། ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་536.5ཟིན་ཡོད། གཏོང་སྒོ་སྒོར་དུང་ཕྱུར་416.4ཟིན་ནས་1097.4%འཕར་བ་དང་། དེའི་ཐོག་ཆེད་དམིགས་བུ་ལོན་གྱི་དངུལ་བུན་སྒྱུར་གཏོང་བྱས་པ་སོགས་བསྣན་རྗེས། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་536.5ཟིན་ཡོད།

    སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་འཕར་ཚད་མཐོ་ཙམ་ཟིན་ཞིང་། དེ་ནི་གཙོ་བོ་ཀྲུང་དབྱང་ནས་བུན་སེལ་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དམིགས་བུན་ལོར་གྱི་འཕོན་འབོར་ཆེ་ཙམ་བརྩོན་ལེན་བྱས་ཏེ། དེ་མཚུངས་ཀྱི་གཏོང་སྒོའི་ཁྱོན་འབོར་མང་དུ་བཏང་ཡོད།

    (གསུམ) གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས།

    ལྗོངས་ཡོངས་ཀྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་8.4ནས་ནས་4%འཕར་བ་དང་། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སོགས་བསྣན་རྗེས། ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་12.2ཟིན་ཡོད། གཏོང་སྒོ་སྒོར་དུང་ཕྱུར་5.7ཟིན་པ་དང་། དེའི་ཐོག་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒྱུར་འཇུག་བྱས་པ་སོགས་བསྣན་རྗེས། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་12.2ཟིན་ཡོད།

    ལྗོངས་རིམ་པ་འདི་གའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་2.9ཟིན་ནས་6.8%ཉུང་དུ་སོང་བ་དང་། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སོགས་བསྣན་རྗེས། ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་4.9ཟིན་ཡོད། གཏོང་སྒོ་སྒོར་དུང་ཕྱུར་2.9ཟིན་པ་དང་། དེའི་ཐོག་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒྱུར་འཇུག་བྱས་པ་སོགས་བསྣན་རྗེས། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་4.9ཟིན་ཡོད།

    (བཞི) སྤྱི་ཚོགས་ཀྱི་འགན་བཅོལ་ཐེབས་རྩའི་སྔོན་རྩིས།

    ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་353.6ཟིན་ནས་2.3%འཕར་བ་དང་། གཏོང་སྒོ་སྒོར་དུང་ཕྱུར་255.7ཟིན་ནས་0.9%འཕར་བ་དང་། ལག་བསྟར་བྱས་རྗེས་ད་ཕན་རིམ་རྩིས་བྱས་ན་འཕྲོས་ལྷག་སྒོར་དུང་ཕྱུར་754.3ཟིན་ཡོད།

    (ལྔ) ས་གནས་སྲིད་གཞུང་གི་བུ་ལོན།

    2023ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་སྲིད་གཞུང་གི་བུ་ལོན་ལྷག་གྲངས་སྒོར་དུང་ཕྱུར་681.73ཟིན་ཡོད། 2024ལོར་བུན་ལོར་སྒོར་དུང་ཕྱུར་584.94བཀྲམས་པ་དང་། དུས་བཀག་ཐིམ་པའི་སྲིད་གཞུང་གི་མ་བུན་འཇལ་སྤྲོད་སྒོར་དུང་ཕྱུར་40.55བྱས་པས། བུ་ལོན་ལྷག་གྲངས་སྒོར་དུང་ ཕྱུར་1226.12ཟིན་པ་དེ་2023ལོའི་ལོ་མཇུག་ལས་སྒོར་དུང་ཕྱུར་544.39ཡིས་མང་བ་ཡོད་མོད། དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་ཐོབ་པའི་སྒོར་དུང་ཕྱུར་1242.6གི་བཅད་གྲངས་ནང་ཚོད་འཛིན་ཐུབ་ཡོད་པས་བུ་ལོན་གྱི་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་ཀྱི་ཡོད།

    གསལ་བཤད་ཞུ་དགོས་པ་ནི། ལོ་ཧྲིལ་པོར་སྔོན་རྩིས་ཁག་བཞི་ལག་བསྟར་བྱས་གྲངས་དང་ལོ་འགོའི་སྔོན་རྩིས་གྲངས་འབོར་གྱི་ཧེ་བག་ཆེ་ཙམ་ཤོར་དོན་གཙོ་བོ་ནི་ཀྲུང་དབྱང་ནས་སྒྱུར་སྤྲོད་བྱས་པ་འབོར་ཆེན་ཞིག་དོན་འཁྱོལ་བྱེད་སྐབས་འཕར་གསབ་གཤམ་སྤྲོད་བྱས་པ་དང་། ལོ་འགོའི་སྔོན་རྩིས་བཟོ་བའི་ནང་གཏན་འབེབས་ལྟར་ན་དོན་འཁྱོལ་བྱེད་སྐབས་འཕར་གསབ་གཤམ་སྤྲོད་བྱས་པའི་ཆ་ཤས་དེ་དག་ཚུད་མེད་པའི་རྐྱེན་གྱི་ཡིན་པས། འབྲེལ་ཡོད་གནས་ཚུལ་ཁྲིམས་ལྟར་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་ནང་གསལ་ཞུ་བྱས་ཡོད། གོང་གསལ་སྔོན་རྩིས་ལག་བསྟར་བྱས་པའི་གྲངས་གཞི་དེ་མྱུར་ཞུའི་བསྡོམས་རྩིས་གྲངས་འབོར་ཡིན་པས་ངེས་རྩིས་བཟོ་སྒྲིག་ཕྱོགས་བསྡུས་བྱས་རྗེས་ཁྲིམས་ལྟར་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཞིབ་བཤེར་མཆན་འགོད་གནང་བར་འབུལ་རྒྱུ་ཡིན།

    གོང་གསལ་གྱི་2024ལོའི་ལྗོངས་རིམ་པ་འདི་གའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་ཆོག་མཆན་གནང་བར་ཞུ།

    གཉིས། 2024ལོའི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་དང་ནོར་སྲིད་ལས་ཀའི་གནས་ཚུལ་གཙོ་གནད།

    2024ལོར་ལྗོངས་ཡོངས་ཀྱི་ནོར་སྲིད་སྡེ་ཚན་གྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པ་དང་། སྔོན་རྩིས་བཅའ་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་དང་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི《མི་དམངས་འཐུས་ཚོགས་ཀྱིས་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པའི་གཙོ་གནད་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ལ་ཕྱོགས་ནས་རྒྱ་སྐྱེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་གྲོས་ཆོད་དང་ཞིབ་བཤེར་བསམ་འཆར་གྱི་བླང་བྱ་དོན་འཁྱོལ་བྱས་ནས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་པ་དང་། སྲིད་ཇུས་ཀྱི་ནུས་ཕྱོད་ཇེ་ཆེར་བཏང་བས། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་ཐབས་ཇུས་དང་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་ནུས་ལྡན་ཐུབ་ཡོད།

    སྲིད་ཇུས་སྒྲིལ་སྤྱོད་བྱེད་པའི་ཐད་ཤུགས་བརྒྱབ་ནས་ཕན་འབྲས་ཆེ་རུ་གཏོང་རྒྱུ་སྔར་བས་མངོན་གསལ་དོད་དུ་བཏང་བ། ཁྲལ་གྲོན་གྱི་གཟིགས་སྐྱོང་དང་། སྲིད་གཞུང་གི་བུན་ལོར། དངུལ་རྩའི་ཁ་གསབ་སོགས་སྲིད་ཇུས་ཀྱི་མཐུན་རྐྱེན་སྣ་ཚོགས་སྒྲིལ་སྤྱོད་བྱས་ནས་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བར་རྒྱབ་སྐྱོར་བྱས་ཡོད། ཁྲལ་བསྡུའི་ཁྲིམས་བཀོད་དང་ཁྲལ་འཁྲི་ཡང་བཟོས་ཀྱི་རྩ་དོན་ལྟར། ཁེ་ལས་ཀྱི་ཐོབ་ཁྲལ་དང་མི་སྒེར་གྱི་ཐོབ་ཁྲལ་སོགས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་གཞན་དག་ལག་བསྟར་ཆ་ཚང་བྱས་པ། རང་ལྗོངས་ནི་རྒྱལ་ཡོངས་ཁྱོན་དུ་རང་བཟོས་རིན་བསྡུའི་རྣམ་གྲངས་མེད་པའི་ཞིང་ལྗོངས་གཅིག་པུ་དེ་ཡིན་པ་བཅས་ཀྱིས་གཉེར་སྐྱོང་བྱེད་པོའི་དཀའ་སེལ་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད། སྲིད་གཞུང་གི་ཆེད་དམིགས་བུན་ལོར་སྔ་ཙམ་འགྲེམས་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་སྤྱི་ཚོགས་ཀྱི་མ་རྩར་བརྟེན་ནས་ནང་མཁོ་རྒྱ་སྐྱེད་གཏོང་རྒྱུར་སྐུལ་ཁྲིད་བྱས་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནོར་སྲིད་ཀྱི་སྐུལ་ལྕག་གཏོང་བའི་སྲིད་ཇུས་ཀྱི་སྒྱུར་བཅོས་བྱས་ནས་གྲོང་ཁྱེར་དང་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཧུར་བརྩོན་རང་བཞིན་སྔར་བས་འཕེལ་བར་བྱས་ཡོད།

    འགན་སྲུང་ལམ་སྲོལ་ཐད་འགན་དབང་ཁ་གསལ་བཟོ་རྒྱུ་སྔར་བས་མངོན་གསལ་དོད་དུ་བཏང་བ། མི་རིགས་ཞིང་ལྗོངས་སུ་ལྗོངས་ཀྱིས་རྫོང་ལ་ཐད་ཀར་དོ་དམ་བྱེད་པའི་ནོར་སྲིད་སྒྲིག་སྲོལ་བཟོ་བའི་སྒྱུར་བཅོས་ཚོད་ལྟ་སྔོན་ལ་བྱས་ནས། གཞི་རིམ་གྱི“དོན་ཆེན་བཞིའི”འབྱོར་སྟོབས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། ལོ་28རིང་ལག་བསྟར་བྱས་པའི་སློབ་གསོའི་འགྲོ་གྲོན་འགན་ལེན་སྒྲིག་སྲོལ་ལ་འགྱུར་ལྡོག་བཏང་ནས་ས་གནས་རིམ་ཁག་སྲིད་གཞུང་གིས་སློབ་གསོའི་ཞབས་ཞུ་གང་ལེགས་དོན་འཁྱོལ་བྱེད་པའི་འགན་འཁྲི་བསྒྲུབ་རྒྱུར་སྐུལ་འདེད་བཏང་ཞིང་། ལོ་ཧྲིལ་པོར་ནོར་སྲིད་ཀྱིས་སློབ་གསོར་མ་འཇོག་སྤར་གྲངས་དང་GDP(ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་)ནང་བཟུང་བའི་བསྡུར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། མ་དངུལ་དོ་དམ་བྱེད་ཐབས་ཁག་65བཟོས་པ་དང་དག་བཅོས་བྱས་པས། ནུས་ཕྱོད་གཙོ་བོར་འཛིན་པའི་སྒྱུར་སྤྲོད་བགོ་བཤའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་སོང་བ་དང་། མ་དངུལ་བགོ་བཤའ་རྒྱག་སྟངས་ཚད་ལྡན་ཅན་དང་ཕན་ནུས་ཐོན་ཚད་ཇེ་ཆེར་སོང་སྟེ། དབུས་ནུབ་རྒྱུད་ཀྱི་ས་ཁུལ་ནང་སྤོར་སྒྱུར་གཤམ་སྤྲོད་བྱེད་འགོར་བའི་གནད་དོན་སྔོན་ལ་འགྱུར་ལྡོག་གཏོང་ཐུབ་པ་བྱུང་ཡོད།

    སྔོན་རྩིས་དོ་དམ་ཐད་གཅིག་གྱུར་ཚད་ལྡན་བཟོ་རྒྱུ་སྔར་བས་མངོན་གསལ་དོད་དུ་བཏང་བ། རྒྱལ་ཡོངས་སུ་བྱས་འབྲས་ཀྱི་སྔོན་རྩིས་དང་། གཞི་གསར་སྔོན་རྩིས། གཞི་གཅིག་ཅན་གྱི་ཆ་འཕྲིན་མ་ལག་འཛུགས་སྐྱོང་བཅས་སྒྱུར་བཅོས་ཁག་གསུམ་ཟུང་འབྲེལ་ནུས་ལྡན་བྱ་རྒྱུ་སྔོན་དུ་སྤེལ་ཏེ “2+1”གི་ནོར་སྲིད་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། ཆ་འཕྲིན་ཅན་གྱི་རྣམ་གྲངས་དང་གླེང་སྟེགས་དུས་སྟོན་འགྲེམས་ཚོགས་སོགས་ཀྱི་སྔོན་རྩིས་གཏོང་སྒོའི་ཚད་གཞི་བཟོས་ནས། རྣམ་གྲངས་ཀྱི་གཏོང་སྒོའི་ཚད་གཞིའི་མ་ལག་ཕྱོགས་ཡོངས་ནས་འཛུགས་མགྱོགས་སུ་བཏང་ཡོད། ལས་རྗེས་ཀྱི་དོ་དམ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལས་རྗེས་ཀྱི་གདེང་འཇོག་བྱས་འབྲས་དངོས་ལ་གཞིགས་ཏེ་སྔོན་རྩིས་མེད་པ་བཟོས་པའམ་ཡང་ན་འཕྲི་འཐེན་བྱས་ཡོད། ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཆེད་དོན་བཅོས་སྒྲིག་བྱས་ཡོད།

    ཉེན་ཁ་འགོག་ཟོན་ཐད་རྒྱུན་མཐུད་རང་བཞིན་སྔར་བས་མངོན་གསལ་དོད་དུ་བཏང་བ། “འགན་སྲུང་གསུམ”གྱི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱས་ནས། སྔོན་རྩིས་བཟོ་འགོད་བྱེད་སྐབས་ཆད་ལུས་མི་ཤོར་བ་དང་། ལག་བསྟར་ལྟ་དཔྱད་བྱེད་སྐབས་ཁུག་གསང་མི་ལུས་པ། ཉེན་ཁ་འགོག་སེལ་བྱེད་སྐབས་མངོན་མེད་རྐྱེན་ངན་མི་ལྷག་པ་བཅས་བྱས་པ་དང་། གཙོ་གནད་གཏོང་སྒོའི་མཛོད་དངུལ་གཏོང་སྤྲོད་འགན་སྲུང་ཤུགས་ཆེ་བྱས་ཡོད།

    གོང་གསལ་བྱེད་ཐབས་དེ་དག་བརྒྱུད། 2024ལོར་ལྗོངས་ཡོངས་ཀྱི་ནོར་སྲིད་ཀྱི་འདེགས་སྐྱོར་དེ་བས་ནུས་ལྡན་དང་། ལས་རྗེས་དེ་བས་འབུར་ཐོན། འཁོར་སྐྱོད་དེ་བས་བརྟན་པོ་བཅས་བྱུང་ཡོད། གཤམ་གསལ་ཕྱོགས་ཁག་ཐད་གཙོ་གནད་དུ་འགན་སྲུང་བྱས་པ་སྟེ།

    (གཅིག) སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ནས་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ནུས་ལྡན་བྱས་པ།

    ནུས་ཤུགས་ཡོད་རྒུས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་བསྐྲུན་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད། “7+1”གི་བརྟན་ལྷིང་སྲུང་སྐྱོང་གི་འགོག་ཟོན་བྱེད་སྟངས་གཏིང་ཟབ་ཏུ་གཏོང་བ་དང་རྒྱུན་རྣམ་ཅན་གྱི་ནག་སེལ་ཤེད་འཇོམས་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཤིང་། སྲིད་ཁྲིམས་དཔུང་ཁག་གི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། ཁྲིམས་ཞིབ་གཉིས་ཀྱི་གདན་ཞུས་ཟིན་འགོད་པ་དང་བཅའ་ཁྲིམས་ཀྱི་རོགས་སྐྱོར་ཁྲིམས་རྩོད་པའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་བཏང་ཡོད། མ་དངུལ་སྒོར་ཁྲི་9170དོན་འཁྱོལ་བྱས་ནས་བཟའ་བཅའ་དང་སྨན་རྫས་ལ་ལྟ་སྡོམ་བྱེད་ནུས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཁྲོམ་རའི་གོང་ཐང་དང་མཉམ་པའི་རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེའི་ཁ་གསབ་ལམ་སྲོལ་བཟོས་ཡོད།

    སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད། ཉེན་ཁ་དང་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་སེལ་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས“མཛེས་མཐུན་མཉམ་སྐྱོང་”གི་གཞི་རིམ་བཅོས་སྐྱོང་བྱེད་སྟངས་རྩེ་གྲས་ཤིག་བཏོད་ཡོད། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་འཁོར་སྐྱོད་འགྲོ་གྲོན་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། གྲོང་ཚོའི་ལས་བྱེད་པའི་ཐོབ་ཐང་གི་ཚད་གཞི་མཐོ་རུ་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་1.4དོན་འཁྱོལ་བྱས་ཏེ། སྡེ་ཁུལ་གྱི་ལས་དོན་པའི་དཔུང་ཁག་ལེགས་སྐྱོང་གི་འགན་སྲུང་ལམ་སྲོལ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཡོད།

    (གཉིས) མི་རིགས་ཆོས་ལུགས་ལས་དོན་གྱི་འཐབ་ཇུས་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་གནས་བབ་མཐའ་འཁྱོངས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ནུས་ལྡན་བཏང་བ།

    མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད། “ལས་གཞི་ཆེན་པོ་བཞི”དང་“བྱ་སྤྱོད་ཁག་དྲུག”ལག་བསྟར་གཏིང་ཟབ་བྱས་པ་དང་། གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དྲིལ་བསྒྲགས་སློབ་གསོ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོའི་གསོ་སྦྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་བ། མི་རིགས་ཁག་གི་མང་ཚོགས་སྒར་རེས་རྣམ་པའི་འཕེལ་རྒྱས་གཏོང་བ་དང་། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་དབར་སྤེལ་རེས་བྱེད་པ། ཡུལ་སྐོར་ལ་བརྟེན་ནས“འགྲོ་འདྲེས་སྤེལ”གསུམ་བྱེད་པ་སོགས་ཀྱི་འཆར་གཞི་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། “ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་གྲགས་རྟགས་བཏོད་ཡོད།

    ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། དགོན་སྡེའི་ནོར་ཁྲལ་ལྟ་སྡོམ་ཁྱོན་ཡོངས་ལ་ཁྱབ་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། དགོན་སྡེའི་ནོར་ཁྲལ་ལྟ་སྡོམ་ལས་དོན་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    (གསུམ) འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་པོ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་བ།

    བློ་བརྟན་འགྱུར་མེད་ཀྱིས་ཕན་ལྡན་གྱི་མ་འཇོག་རྒྱ་སྐྱེད་བཏང་ཡོད། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་སྒོར་དུང་ཕྱུར་269.9དང་། རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་གྱི་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་243.4 སྲིད་གཞུང་གི་བུན་ལོར་མ་དངུལ་སྒོར་དུང་ཕྱུར་52བཅས་དོན་འཁྱོལ་བྱས་ཏེ། འགྲིམ་འགྲུལ་དང་ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང“གཙོ་གཉིས”ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ལ་སྐུལ་ཁྲིད་བྱས་ནས་འཕར་ཚད་མཐོ་ཙམ་རྒྱུན་འཁྱོངས་ཐུབ་ཡོད།

    བློ་བརྟན་འགྱུར་མེད་ཀྱིས་འཛད་སྤྱོད་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་ཡོད། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་བས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་གི་སྤྱི་འབོར་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། མ་དངུལ་སྒོར་དུང་ཕྱུར་7.5དོན་འཁྱོལ་བྱས་ནས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་རྫས་རྙིང་པ་གསར་བརྗེས་ལ་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་2དོན་འཁྱོལ་བྱས་ནས་ས་མཐོའི་ཐབ་ཆས་གསར་པ་ཁྱབ་གདལ་དང“བདེ་སྐྱིད་ལྡན་པའི་བོད་ལྗོངས·དགའ་སྐྱིད་ལྡན་པའི་འཚོ་བ”ལ་སོགས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཡོད།

    བློ་བརྟན་འགྱུར་མེད་ཀྱིས་ཐོན་ལས་ཀྱི་སྤུས་འབྲས་ལེགས་སུ་བཏང་ཡོད། ངེས་གནས་ཁ་གསལ་དང་ཁྱད་ཆོས་མངོན་གསལ་དོད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་41.2དོན་འཁྱོལ་བྱས་ཏེ། ས་མཐོའི་ཞིང་འབྲོག་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་སྐྱེ་ལྡན་འབྱུང་འཕྲོད་ཞིང་ལས་ཀྱི་ཐོན་རྫས་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཡོད། ཀུན་སྤྱོད་མཁའ་འགྲུལ་འཕེལ་རྒྱས་གཏོང་བར་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་5བཏང་སྟེ། ཀུན་སྤྱོད་གནམ་ཐང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་7.2དོན་འཁྱོལ་བྱས་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་7.5དོན་འཁྱོལ་བྱས་ནས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་དང་། ལྗང་མདོག་བཟོ་ལས། མཐོ་གསར་གྲངས་འཛིན་ཐོན་ལས། མཐའ་མཚམས་ཉོ་ཚོང་ཟོག་འགྲེམས་ལས་རིགས། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་སོགས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད།

    བློ་བརྟན་འགྱུར་མེད་ཀྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཡོད། ནོར་སྲིད་ནས་ཚན་རྩལ་ཐད་ཀྱི་གཏོང་ཆ་བརྟན་པོའི་སྒོ་ནས་སྤོར་བའི་ལམ་སྲོལ་བཙུགས་པས་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཚན་རྩལ་ཐད་བཏང་བའི་མ་དངུལ་ལྡབ་གཅིག་འཕར་ནས། སྒོར་དུང་ཕྱུར་5.62ཟིན་ཞིང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་སོགས་རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་ལ་ཞབས་ཞུ་བསྒྲུབས་ནས་འགན་སྲུང་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་1.5དོན་འཁྱོལ་བྱས་ནས་རང་སྐྱོང་ལྗོངས་ཀྱི་གྲངས་གཞི་ཆེ་མོའི་ལྟེ་གནས་འཛུགས་སྐྱོང་ལས་གཉེར་དང་གྲངས་འཛིན་དཔལ་འབྱོར་ཞིབ་འཇུག་སོགས་ལ་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་8294དོན་འཁྱོལ་བྱས་ནས་ལྷ་སའི་རྒྱལ་ཁབ་རིམ་པའི་དྲ་སྦྲེལ་གྱི་རྐང་འཛིན་ཐད་འབྲེལ་ས་ཚིགས་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་ཡོད།

    བློ་བརྟན་འགྱུར་མེད་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་5དོན་འཁྱོལ་བྱས་ནས་ཚོང་འགུགས་མ་འདྲེན་ལ་རྒྱབ་སྐྱོར་བྱས་ཏེ“གཉིས་འགུགས་གཉིས་འདྲེན”གྱི་ལས་དོན་གཏིང་ཟབ་སྤེལ་ཡོད། མ་དངུལ་སྒོར་ཁྲི་7500དོན་འཁྱོལ་བྱས་ནས་ཀུན་ཕན་དངུལ་རྩ་འཕེལ་རྒྱས་གཏོང་བའི་དཔེ་སྟོན་བྱ་དགའ་དང་ཁ་གསབ་སྤྲོད་རྒྱུར་རྒྱབ་སྐྱོར་བྱས་ཡོད། བྱ་དགའ་དང་ཁ་གསབ་མ་དངུལ་སྒོར་ཁྲི་3953དོན་འཁྱོལ་བྱས་ཏེ། ཁེ་ལས་ཆུང་ཕྲན་དང“ཞིང་གསུམ”གྱི་བྱེད་པོའི་མ་དངུལ་བསྡུ་རྒྱུག་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཁེ་ལས་ཁྲོམ་ཞུགས་ཀྱི“སྐལ་བཟང་མེ་ཏོག་བྱ་སྤྱོད”ལག་ལེན་བསྟར་ནས་མ་རྐང་འཛིན་ཤོག་ཡོངས་བསྒྲགས་འགྲེམས་སྤེལ་ཐེངས་དང་པོ་བྱས་པ་དང་འབྲེལ་ཁྲོམ་ཞུགས་བྱས་པས་ལྗོངས་ནང་ཁུལ་གྱི་ཁེ་ལས་ལ་བྱ་དགའ་དང་ཁ་གསབ་སྤྲོད་ཐུབ་པ་བྱུང་ཡོད། ལྗོངས་ཡོངས་སུ་སྲིད་གཞུང་གི་ཉོ་སྒྲུབ་ཁྱབ་ཁོངས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་སྤེལ་བ་དང་། རྩིས་གཉེར་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། སྒྲིག་འགལ་བྱེད་མཁན་རྩིས་པའི་ལས་གཉེར་ཁང་གི་ལས་གཉེར་འཁྲོལ་འཛིན་རྩིས་མེད་ཐེངས་དང་པོ་བཏང་ཡོད།

    བློ་བརྟན་འགྱུར་མེད་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་དེང་རབས་ཅན་གྱི་འཛུགས་སྐྲུན་བྱེད་པའི་མཐའ་ཚད་ལས་འགན་དུ་བརྩིས་ཏེ། མ་དངུལ་སྒོར་དུང་ཕྱུར་123.9དོན་འཁྱོལ་བྱས་ནས་ཞིང་འབྲེལ་ཞིང་ཁྲིད་ཞིང་ཕྱུག་གསུམ་གྱི་ཐོན་ལས་འཕེལ་རྒྱས་གཏོང་བར་སྔོན་ལ་བཏང་བ་དང་། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐོན་པའི་མཐའ་ཚད་བརྟན་པོར་བསྲུངས་ཡོད། “ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་མ་དངུལ་སྒོར་དུང་ཕྱུར་51.9དོན་འཁྱོལ་བྱས་ཏེ། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། ཁྱིམ་དུད་ཀྱི་གསང་སྤྱོད་ཁྲི་2.4ཉམས་བཟོ་བྱས་པ། མི་ཕྱུགས་ལོགས་སུ་དབྱེ་བའི་ཐེམ་དུད་ཁྲི་4.3ཟིན་ཡོད། རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་མཐོར་གཏོང་ལ་ཤུགས་སྣོན་རྒྱག་རྒྱུར་མ་དངུལ་སྒོར་དུང་ཕྱུར་10.2དོན་འཁྱོལ་བྱས་ཏེ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཤིང་། མུའུ་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་3144བར་མཐོ་རུ་བཏང་བ་དང་། བདག་སྐྱོང་བྱེད་ཁྱོན་མུའུ་ཁྲི་294ཟིན་ཡོད། འདེབས་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གྱིས། ཞིང་ལས་ཐོན་སྐྱེད་དང་འབྲོག་ལས་ཀྱི་རྒྱུད་སྤེལ་ལེགས་སྒྱུར་གྱི་གསབ་དངུལ་སྒོར་དུང་ཕྱུར་6.6དོན་འཁྱོལ་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་5དོན་འཁྱོལ་བྱས་ཏེ། ནས་ཞིང་ཆེན་པོའི་སོན་སྤྱོད་རིན་ཁྱད་ལ་ཁ་གསབ་སྤྲོད་པ་དང་། རྩྭ་ར་སྔོ་ལོག་གི་དུས་ཚིགས་སུ་ཕྱུགས་འཚོ་མཚམས་བཞག་པའི་ཁ་གསབ་སོགས་ཀྱི་ཚོད་ལྟར་རྒྱབ་སྐྱོར་བྱས་ཡོད། ས་ཆ་ནང་བཤུག་བཏང་བའི་ཡོང་འབབ་ཞིང་འབྲོག་ལས་ཐད་སྤྱོད་པའི་བསྡུར་ཚད་13.9%བར་མཐོ་རུ་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་11.3དོན་འཁྱོལ་བྱས་ཏེ། ཞིང་འབྲོག་ལས་ཀྱི་གནོད་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱས་ཤིང་། ནས་ཀྱི“སྨན་གཏོར་གཅིག་དང་འགོག་བཅོས་གསུམ”གྱི་ཁ་གསབ་སྲིད་ཇུས་ཐོག་མར་བཟོས་པ་དང་ནགས་ཚལ་འགན་བཅོལ་གྱི་ཚོད་ལྟ་སྤེལ་ཡོད།

    བློ་བརྟན་འགྱུར་མེད་ཀྱིས་སྒོ་འབྱེད་ཆུ་ཚད་ཇེ་མཐོར་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་8དོན་འཁྱོལ་བྱས་ནས་ཉིང་ཁྲིའི་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་བསྟར་ཚོད་ལྟ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་10དོན་འཁྱོལ་བྱས་ནས་འགྲམ་འགག་སྒོ་སླར་གསོ་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། མཐའ་མཚམས་ས་ཁུལ་ལ་སྒྱུར་སྤྲོད་བྱེད་པར་སྤྱི་འདོམས་བྱས་ཏེ། གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་འགག་སྒོ་འཛུགས་སྐྲུན་དང་། སྲོལ་རྒྱུན་གྱི་མཐའ་མཚམས་ཉོ་ཚོང་ས་ཚིགས་14སླར་གསོ་སྒོ་འབྱེད་སོགས་ལ་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོའི་བོད་ལྗོངས་ཀྱི“ཧི་མ་ལ་ཡ་བསྐོར་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཡོད།

    (བཞི) མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ནུས་ལྡན་བཏང་བ།

    གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱས་ཡོད། གཞི་རིམ་ལ་སྒྱུར་སྤྲོད་སྒོར་དུང་ཕྱུར་1818བྱས་ཡོད། ལྗོངས་ཡོངས་སུ“འགན་སྲུང་གསུམ”གྱི་ཐད་ཉེན་ཁའི་དོན་རྐྱེན་གཅིག་ཀྱང་ཐོན་མེད་པར་རྒྱལ་ཡོངས་ཀྱི་གཞི་རིམ“འགན་སྲུང་གསུམ”གྱི་ཉེན་ཁ་འགོག་ཟོན་བྱེད་ཡག་ཤོས་ཀྱི་ཞིང་ལྗོངས་གྲས་སུ་ཚུད་ཡོད། རྒྱལ་ཡོངས་ཀྱི་སྔོན་ལ་ཞིང་ཆེན་རིམ་པས་རྫོང་རིམ་པའི“འགན་སྲུང་གསུམ”གྱི་སྔོན་རྩིས་ལ་ཞིབ་བཤེར་བྱེད་ཚད་100%ཡོངས་སུ་ཁྱབ་ཡོད་པས། ཀྲུང་དབྱང་གིས་བླང་བྱ་བཏོན་པའི་ཞིབ་བཤེར་བསྡུར་ཚད་ལས་བརྒྱ་ཆའི་གྲངས་50ཡིས་མཐོ་བ་བྱུང་ཡོད།

    འབྱོར་སྟོབས་གཅིག་སྡུད་ཐོག་ནས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ཡོད། དམངས་འཚོའི་ལས་གཞི་ཆེན་པོ་བཅུ་ལ་དམིགས་ཏེ་མ་དངུལ་སྒོར་དུང་ཕྱུར་129དོན་འཁྱོལ་བྱས་ནས་སློབ་གསོའི“འགན་ལེན་གསུམ”དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁ་གསབ་རོགས་དངུལ། དྭ་ཕྲུག་དང་གསོ་མཁན་མེད་པའི་བྱིས་པའི་གཞི་རྩའི་འཚོ་བའི་འགན་སྲུང་། ལོ་ན་མཐོ་བའི་རྒན་རྒོན་དང་ནུས་པ་ཤོར་བའི་ཁ་གསབ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བ་དང་ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་ནད་སྐྱོང་ཁ་གསབ། མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་རོགས་དངུལ་སོགས་ཀྱི་ཚད་གཞི་ཁག་13མཐོ་རུ་བཏང་བ་དང་། གཞི་རིམ་དུ་དྲོད་རླངས་མཁོ་འདོན་དང་། ས་བབ་མཐོ་བར་གསོ་རླུང་མཁོ་འདོན། མང་ཚོགས་ཀྱི་བཟའ་བཅའི་གྲུབ་ཆ་ལེགས་སྒྱུར། ནགས་ཚལ་འགན་བཅོལ་གྱི་ཚོད་ལྟ་སོགས་ལས་དོན་ཁག་8སྤེལ་ཡོད།

    ལས་ཞུགས་དམིགས་སུ་བཀར་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ཡོད། ལས་ཞུགས་མ་དངུལ་སྒོར་དུང་ཕྱུར་37.8དོན་འཁྱོལ་བྱས་ནས་18.5%འཕར་བ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་འཆར་གཞི་དང་གཞི་རིམ་དུ་འཚར་ལོངས་བྱེད་པའི་འཆར་གཞི་ལག་ལེན་ཤུགས་ཆེ་བསྟར་རྒྱུར་རྒྱབ་སྐྱོར་དང་། “རྩལ་ནུས་ཤེས་ལྡན་མི་གསར་ཁྲི་བཅུ”ཡི་གསོ་སྐྱོང་འཆར་གཞི་ལག་བསྟར་བྱས་པ་དང་། དབང་པོ་སྐྱོན་ཅན་དང་ལས་ཞུགས་གཅིག་ཀྱང་མེད་པའི་ཁྱིམ་མི་སོགས་དཀའ་ངལ་ཡོད་པའི་མི་ཚོགས་ལ་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། ལོ་དེ་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པ་དང་ཞིང་འབྲོག་པ་མི་གྲངས་ཁྲི་64.8ལས་ཞུགས་གཞན་སྒྱུར་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་དུ་མི་གྲངས་ཁྲི་5.1གསར་དུ་ལས་ཞུགས་ཐུབ་ཡོད། ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་ཐོབ་ཐབས་ཧུར་ཐག་བྱས་པས། ལྷ་ས་གྲོང་ཁྱེར་ལ་ཀྲུང་དབྱང་ནོར་སྲིད་ཀྱི་ལས་ཞུགས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་དཔེ་མཚོན་ཚོད་ལྟའི་རྣམ་གྲངས་གཉེར་བར་ཐོག་མའི་ཆོག་མཆན་ཐོབ་པ་མ་ཟད། མ་དངུལ་ཁྱོན་འབོར་སྒོར་དུང་ཕྱུར་1བཏང་ཡོད།

    མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ཡོད། སློབ་གསོར་མ་དངུལ་སྒོར་དུང་ཕྱུར་341བཏང་སྟེ། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་278.3དོན་འཁྱོལ་བྱས་ཏེ། རྨང་གཞིའི་སློབ་གསོ་རྒྱ་སྐྱེད་སྤུས་འདེགས་ཀྱི་བྱ་སྤྱོད་སྤེལ་རྒྱུར་རྒྱབ་སྐྱོར་དང་། ཐབས་ལམ་མང་པོར་བརྟེན་ནས་ཀུན་ཕན་རང་བཞིན་གྱི་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་མང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཤིང་། འགན་བབས་སློབ་གསོའི་འགྲོ་གྲོན་འགན་ལེན་ལམ་སྲོལ་སྲ་བརྟན་དང་འཐུས་སྒོ་ཚང་དུ་བཏང་བ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱས་པ། སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི“ལོ་བཅོ་ལྔའི”རིང་གི་གཞུང་གྲོན་སློབ་གསོའི་སྲིད་ཇུས་ཡོངས་སུ་ཁྱབ་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་བ། སློབ་གསོའི“འགན་ལེན་གསུམ”གྱི་སློབ་མ་རེའི་ཆ་སྙོམས་ཚད་གཞི་སྒོར་5620བར་མཐོང་རུ་བཏང་བ། བོད་ལྗོངས་འཛིན་གྲྭར་སློབ་མ་བསྡུ་བའི་མི་གྲངས་ཁྲི་1ལས་བརྒལ་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་27.4དོན་འཁྱོལ་བྱས་ནས་ལས་རིགས་སློབ་གསོའི་སྤུས་འདེགས་ལེགས་སྐྱོང་གི་བྱ་སྤྱོད་དང་མཐོ་རིམ་སློབ་གསོ་དར་རྒྱས་གཏོང་བའི་འཆར་གཞི་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱས་ཡོད། སློབ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། མཐོ་རིམ་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་གྱི་མིང་སྐལ་མང་དུ་བཏང་བ་དང་། རྒྱལ་ཁབ་ཀྱི་བྱ་དགའི་སློབ་ཞུགས་རོགས་དངུལ་གྱི་ཚད་གཞི་མཐོ་རུ་བཏང་ཡོད།

    བདེ་ཐང་བོད་ལྗོངས་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ཡོད། “དམིགས་ས་ལྔའི”བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་ལ་མ་དངུལ་སྒོར་དུང་ཕྱུར་68.5བཏང་ཡོད། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་མ་དངུལ་སྒོར་དུང་ཕྱུར་4.2དོན་འཁྱོལ་བྱས་ཤིང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་གྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་སྒོར་115བར་མཐོ་རུ་བཏང་བ་དེ་རྒྱལ་ཡོངས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་ཡོད། མ་དངུལ་སྒོར་དུང་ཕྱུར་8.5དོན་འཁྱོལ་བྱས་ཏེ། “1+7+13”གྱི་སྨན་ཁང་འཛུགས་སྐྲུན་དང་། གཞུང་བཙུགས་སྨན་ཁང་སྒྱུར་བཅོས། རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བཅས་ལ་རྒྱབ་སྐྱོར་བྱས་ཤིང་། གཞི་རིམ་འཕྲོད་བསྟེན་ཤེས་ལྡན་མི་སྣ་གསོ་སྦྱོང་སོགས་ལ་ཤུགས་སྣོན་བརྒྱབ་ཡོད། ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་ཐོབ་ཐབས་ཧུར་ཐག་བྱས་ཏེ། ཆབ་མདོ་གྲོང་ཁྱེར་དེ་ཉིད་ཀྲུང་དབྱང་ནོར་སྲིད་ཀྱི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་དུ་བདམས་ཐོན་བྱུང་བ་དང་མ་དངུལ་ཁྱོན་འབོར་སྒོར་དུང་ཕྱུར་5བཏང་ཡོད། སྨན་བཅོས་འགན་སྲུང་གི་ཆུ་ཚད་སྲ་བརྟན་དང་མཐོ་རུ་གཏོང་རྒྱུར་མ་དངུལ་སྒོར་དུང་ཕྱུར་21.1དོན་འཁྱོལ་བྱས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་རོགས་དངུལ་གྱི་ཚད་གཞི་སྒོར་705བར་མཐོ་རུ་བཏང་ཡོད་པས་ཚད་གཞི་བསྟུད་མར་ཐེངས་21སྤར་ཡོད། མ་དངུལ་སྒོར་དུང་ཕྱུར་1.6དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཟུགས་པོར་རིན་མེད་བརྟག་དཔྱད་བྱེད་པར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་6དོན་འཁྱོལ་བྱས་ཏེ། ཚབས་ཆེའི་འགོས་ནད་འགོག་ཟོན་ལ་རྒྱབ་སྐྱོར་བྱས་པ་དང་། སྦྲུམ་མ་སྨན་ཁང་དུ་ཕྲུ་གུ་བཙའ་བར་བྱ་དགའ་སྤྲད་པ། བུད་མེད་ཀྱི“འབྲས་སྐྲན་གཉིས”གྲལ་བཤེར་དང་སློབ་ལོ་ལོན་པའི་སློབ་ཞུགས་བུ་མོར་HPV(མིའི་ནུ་ཏོག་སྐྲན་ནད་ནད་དུག)ཡི་རིན་མེད་རིམས་འགོག་སྨན་ཁབ་བརྒྱབ་པ། ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་ནད། བྱིས་པའི་ལྷན་སྐྱེས་སྙིང་ནད། སྐྱ་འགྲིབ་སོགས་ནད་རིགས་བཞི་ལ་རིན་མེད་སྐྱོབ་བཅོས་བྱས་ཡོད།

    རིག་གནས་ལུས་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་13དོན་འཁྱོལ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དར་སྤེལ་དང་རིག་གནས་དམངས་ཕན་ལས་གཞི་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་5དོན་འཁྱོལ་བྱས་ཏེ། གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་སྙོམས་མཚུངས་ཅན་ལ་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་9645དོན་འཁྱོལ་བྱས་ཏེ། དཔེ་མཛོད་ཁང་དང་། རྟེན་རྫས་ཁང་། ལུས་རྩལ་ཁང་སོགས་སྤྱི་པའི་རིག་གནས་ཁང་རིན་མེད་དམ་ཡང་ན་རིན་པ་དམའ་པོས་སྒོ་མོ་འབྱེད་པར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་2000དོན་འཁྱོལ་བྱས་ཏེ། རིག་རྩལ་གསར་རྩོམ་གྱི་སྤུས་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཡོད། རྫོང་(ཆུས་དང་གྲོང་ཁྱེར)གི་སྒྱུ་རྩལ་ཚོགས་པའི་འཁྲབ་ཐེངས་མང་དུ་གཏོང་རྒྱུར་སྐུལ་ལྕག་དང་རིགས་དབྱེའི་ཁ་གསབ་རོགས་དངུལ་གྱི་འགན་སྲུང་ལམ་སྲོལ་བཙུགས་ཡོད། མ་དངུལ་སྒོར་དུང་ཕྱུར་2.8དོན་འཁྱོལ་བྱས་ཏེ། རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱས་ཡོད།

    སྤྱི་ཚོགས་འགན་སྲུང་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་བཏང་ཡོད། སྤྱི་ཚོགས་འགན་སྲུང་གི་འབྲེལ་ཡོད་མ་དངུལ་སྒོར་དུང་ཕྱུར་83.8དོན་འཁྱོལ་བྱས་ཏེ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་གང་མགྱོགས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཡོད། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ལག་བསྟར་བྱས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་ལོ་11བསྟུད་མར་ཚད་གཞི་མཐོ་རུ་བཏང་བས་ཟླ་རེར་མི་རེར་ཆ་སྙོམས་སྒོར་265ཟིན་པ་དང་། ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོའི་དངུལ་ལོ་19བསྟུད་མར་ཚད་གཞི་མཐོ་རུ་བཏང་ཡོད་པས་ཐོབ་ཐང་གི་ཆུ་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། སྤྱི་ཚོགས་རོགས་སྐྱོབ་ཀྱི་ཐ་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། དྭ་ཕྲུག་གི་གཞི་རྩའི་འཚོ་བ་འགན་སྲུང་དངུལ་མང་ཤོས་སུ་ཟླ་རེར་མི་རེར་ཆ་སྙོམས་སྒོར་1828ཟིན་པ་དང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་དང་ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་གསབ་དངུལ་ཚད་གཞི་ཁག་སོ་སོར་ཟླ་རེར་མི་རེར་ཆ་སྙོམས་སྒོར་120དང་སྒོར་240བར་མཐོ་རུ་བཏང་བ། རྒན་རྒོན་གྱི་ཁ་གསབ་གཉིས་ཀྱི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་720བར་མཐོ་རུ་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་2.5དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོར་ནད་ཆེན་གྱི་འགན་བཅོལ་དང་། ཁ་གསབ་སྨན་བཅོས་འགན་བཅོལ། ཚོགས་པའི་ཐོལ་བྱུང་དོན་རྐྱེན་གྱི་འགན་བཅོལ་སོགས་ཉོ་སྒྲུབ་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་65.3དོན་འཁྱོལ་བྱས་ཏེ། གཟིགས་སྐྱོང་བྱ་ཡུལ་དང་རང་བརྟེན་ལས་འདེམས་བྱེད་མཁན་དམག་ཐིམ་ལས་སྒྱུར་ལས་བྱེད་པ་སོགས་ཚོགས་སྤྱིའི་འབྲེལ་ཡོད་ཐོབ་ཐང་དུས་ཐོག་ཏུ་གྲངས་ཚང་སྤྲོད་རྒྱུར་འགན་སྲུང་ཏན་ཏིག་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་8.3དོན་འཁྱོལ་བྱས་ཏེ། ཞིང་འབྲོག་ཁུལ་གྱི་དུད་ཚང་5022ལ་ཉེན་ཆེའི་སྡོད་ཁང་བསྒྱུར་བཀོད་དང་ཡོམ་འགོག་བསྒྱུར་བཀོད་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་118དང་གྲོང་ཁྱེར་གྱི་ཉེན་ཆེའི་སྡོད་ཁང་454བསྒྱུར་བཀོད་བྱས་པ། བོགས་གཏོང་སྡོད་ཁང་རང་སྒྲིག་556གསར་རྒྱག་བྱས་པ། དུད་ཚང་4462ཀྱི་མི་གྲངས་7341ལ་བོགས་གཏོང་གསབ་དངུལ་སྤྲད་ཡོད།

    (ལྔ) སྐྱེ་ཁམས་སྔོན་འཇོག་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲ་བརྟན་དུ་ནུས་ལྡན་བཏང་བ།

    སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་འཛུགས་གཏོད་གཏིང་ཟབ་བྱས་ཡོད། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སའི་དཔེ་སྟོན་འཛུགས་གཏོད་དང་། སྐྱེ་ཁམས་ལས་གྲྭའི་གལ་ཆེའི་རྣམ་གྲངས་ལ་སྐུལ་སྤེལ། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སོགས་ལ་རྒྱབ་སྐྱོར་བྱས་ཡོད། སྐྱེ་ཁམས་སྐྱིན་གསབ་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ལག་བསྟར་བསམ་འཆར་དངོས་སུ་བཏོན་ཏེ། རིགས་དབྱེའི་སྐྱིན་གསབ་དང་ཕྱོགས་བསྡུས་སྐྱིན་གསབ་གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག་དང་། འཕྲེད་གཞུང་གཉིས་ཕྱོགས་ནས་སྐྱིན་གསབ་མཐུན་སྦྱོར་བྱེད་པར་སྐུལ་འདེད། སྐུལ་ལྕག་ཆེར་གཏོང་དང་གཅུན་འདོམས་དམ་ནན་བྱེད་པར་མཉམ་དུ་ཤུགས་རྒྱག་པ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་ལམ་ལུགས་བཙུགས་ཡོད། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ནོར་སྲིད་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་བྱེད་པའི་སྒྱུར་བཅོས་བྱས་ཡོད།

    སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་ཆེ་རུ་བཏང་ཡོད། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་བར་རྒྱབ་སྐྱོར་བྱས་ཤིང་། ནགས་ཚལ་དང་། རྩྭ་ཐང་། འདམ་ར་སོགས་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་ཆེ་རུ་བཏང་བ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། གཙོ་གནད་ཁུལ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་ལྷོ་རི་བྱང་རི་སྔོ་སྒྱུར་ལས་གྲྭར་སྐུལ་སྤེལ་གཏིང་ཟབ་བཏང་བ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་སྤྲོད་རྒྱུ་ལག་བསྟར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་15.2དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་ལས་གནས་ཁྲི་44ལ་རྒྱབ་སྐྱོར་བྱས་ཡོད།

    སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་ཡོད། གནམ་སྔོན་ཆུ་དྭངས་ས་གཙང་བཅས་སྲུང་སྐྱོབ་བྱས་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་བྱས་ཤིང་། ཆུ་བོ་རྒྱུག་ཁུལ་གཙོ་གནད་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་འཐུང་ཆུའི་ཆུ་འགོ་བཅོས་སྐྱོང་གི་འགག་སྒྲོལ་ལས་ཀ་སྤེལ་བ་དང་། མཁའ་རླུང་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བའི་བྱ་སྤྱོད་སྤེལ་ནས་དྲི་ངན་དབྱང་རླུང་གི་གདིང་རྩའི་ཤུགས་རྐྱེན་ཐེབས་གཞི་ཁུངས་འདེད་བརྟག་དཔྱད་བྱས་ཡོད། ཁུལ་ཁོངས་ཡོངས་ཀྱི་སྐས་རིམ་ལྟ་བུའི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་6000དོན་འཁྱོལ་བྱས་ཏེ། རེས་སྐོར་གསར་པའི་གཏེར་འཚོལ་འགག་སྒྲོལ་གྱི་འཐབ་ཇུས་བྱ་སྤྱོད་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཡོད།

    (དྲུག) དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་སྤེལ་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་མཐའ་དར་དམངས་ཕྱུག་དང་མཐའ་མཚམས་སྲ་བརྟན་ལ་རམ་འདེགས་ནུས་ལྡན་བྱས་པ།

    རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་གི“ལས་གཞི་ཆེན་པོ་བདུན”ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་སོགས་འཛུགས་སྐྲུན་མགྱོགས་སུ་བཏང་ཡོད། མཐའ་མཚམས་ས་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་། མཐའ་མཚམས་ཉོ་ཚོང་། དམངས་འཚོ་འགན་སྲུང་བཅས་ཀྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཏང་བ་དང་། མཐའ་མཚམས་མང་ཚོགས་ཀྱི་སྨན་བཅོས་དང་། སློབ་ཞུགས། འགྲོ་སྐྱོད་བཅས་ཀྱི་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་བཏང་ཡོད།

    མཐའ་མཚམས་མི་སེར་དང་མཐའ་སྲུང་མི་སྣའི་ཁ་གསབ་སྐབས་བསྟུན་ལེགས་སྒྲིག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོའི་གྲོང་ཚོ་དང་མཐའ་མཚམས་གྲོང་ཚོའི་མང་ཚོགས་ཀྱི་ཁ་གསབ་ཚད་གཞི་ཁག་སོ་སོར་མི་རེར་ལོ་རེར་སྒོར་13800དང་སྒོར་6800བར་མཐོ་རུ་བཏང་བ། མཐའ་སྲུང་བ་མི་རེར་ལོ་རེར་ཁ་གསབ་རོགས་དངུལ་སྒོར་18000སྤྲད་ཡོད།

    སྤྱི་ཡོངས་ནས་བལྟས་ན། 2024ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་ཡག་ཙམ་བྱུང་ཞིང་། ནོར་སྲིད་སྒྱུར་བཅོས་དང་འཕེལ་རྒྱས་ལས་དོན་ལ་ཡར་རྒྱས་གསར་པ་བྱུང་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། དུས་མཚུངས་སུ་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ལས་ཀའི་ཁྲོད་དུ་ད་དུང་དཀའ་ངལ་དང་གནད་དོན་ཁ་ཤས་ཡོད་པ་དེ་ཡང་གཙོ་བོ་ནི། རྣམ་གྲངས་གྲབས་གསོག་མི་འདང་ཞིང་གནད་འཁེལ་མ་བྱུང་བ་དང་། སྔོན་གྲབས་ལས་དོན་གཏིང་ཟབ་པོ་མ་བྱུང་བས། མ་དངུལ་གྱིས་རྣམ་གྲངས་སྒུག་པའི་གནད་དོན་སྔར་བཞིན་ལྷག་ཡོད་པ་དང་། གྲོང་ཁྱེར་དང་། རྫོང་། ཚན་པ་བཅས་ཁ་ཤས་ཀྱིས་འཚོ་བ་སྐྱེལ་མཁས་པོ་བྱེད་པའི་བསམ་བློ་བརྟན་པོ་འཛུགས་ཐུབ་མེད་པ་དང་ནོར་སྲིད་མ་དངུལ་བེད་སྤྱོད་པའི་ཕན་འབྲས་སྔར་བཞིན་མཐོ་རུ་གཏོང་དགོས་པ། ནོར་དཔལ་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་བཀག་སྡོམ་ཡང་ཡང་བྱས་ཀྱང་མི་ཁོག་པ་དང་སྲིད་གཞུང་གི་ཉོ་སྒྲུབ་སྒྲིག་ཁྲིམས་ལས་འགལ་བ་སོགས་ཀྱི་གནད་དོན་སྔར་བཞིན་ལྷག་ཡོད། ང་ཚོས་གནད་དོན་འདི་དག་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བྱེད་ཐབས་ཧུར་ཐག་སྤྱད་དེ་ཐག་གཅོད་གང་མགྱོགས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན།

    གསུམ། 2025ལོའི་སྔོན་རྩིས་འཆར་ཟིན།

    2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཀྱང་ཡིན། 2025ལོའི་སྔོན་རྩིས་བཟོ་འགོད་ཡག་པོ་བྱེད་པ་དང་ནོར་སྲིད་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།

    (གཅིག) 2025ལོའི་ནོར་སྲིད་ཀྱི་གནས་བབ་དབྱེ་ཞིབ།

    ནོར་སྲིད་ཀྱི་གནས་བབ་དེ་དཔལ་འབྱོར་གྱི་གནས་བབ་ལ་རག་ལས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ནང་གི་དཔལ་འབྱོར་རྒྱུན་མཐུད་ནས་འཕེལ་ངོ་བཟང་དུ་འགྲོ་བ་དང་། 2025ལོར་དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་འོས་འཚམ་ལྷུག་གློད་ཀྱི་དངུལ་ལོར་གྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད། ཀྲུང་དབྱང་གིས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཤུགས་ཆེའི་རྒྱབ་སྐྱོར་བྱས་པ་དང་། ནོར་ཁྲལ་དང་། དངུལ་རྩ། མ་འཇོག་སོགས་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད། རྒྱལ་ཁབ་ཀྱི་གལ་ཆེའི་རྣམ་གྲངས་རབ་དང་རིམ་པའི་འདེགས་སྐྱོར་འོག རང་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕར་རྒྱུར་སྐུལ་ཁྲིད་ཤུགས་ཆེན་ཐུབ་རྒྱུ་རེད། རང་ལྗོངས་ཀྱི་རང་ངོས་འཕེལ་རྒྱས་གཏོང་ནུས་རྒྱུན་མཐུད་ཆེ་རུ་བཏང་སྟེ། ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་གང་མགྱོགས་གྱུར་བ་བྱས་ནས་རང་བརྟེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱ་རྒྱུ་རེད། དེ་དག་ནི་རང་ལྗོངས་ཀྱི་ནོར་སྲིད་སྤུས་ཚད་མཐོ་པོས་འཕེལ་རྒྱས་བརྟན་པོ་འགྲོ་བའི་གཞི་རྟེན་བརྟན་པོ་ཞིག་ཡིན།

    འོན་ཀྱང་ད་དུང་མཐོང་ཐུབ་དགོས་པར། 2025ལོར་ཕྱིའི་ཁོར་ཡུག་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པས། རྒྱལ་ནང་གི་དཔལ་འབྱོར་འཁོར་རྒྱུག་བྱེད་པར་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་རྒྱུ་ཡིན་པ་དང་། ནོར་སྲིད་ལ་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་མུ་མཐུད་ཐེབས་རྒྱུ་ཡིན་པས། རང་ལྗོངས་ཀྱི་ནོར་སྲིད་གནས་བབ་དེ་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་འགྲོ་བ་དང་དུས་མཚུངས། དོ་སྙོམས་ཐུབ་ཙམ་ཡོང་བའི་ཁྱད་ཆོས་ཀྱང་དེ་བས་མངོན་གསལ་དོད་དུ་འགྲོ་རྒྱུ་རེད། ནོར་སྲིད་ཡོང་འབབ་ཀྱི་ཆ་ནས་བལྟས་ན། ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རང་ལྗོངས་ཀྱི་དཔལ་འབྱོར་འཕར་མགྱོགས་པོ་ཡོད་པ་དེས་ནོར་སྲིད་ཡོང་འབབ་འཕར་རྒྱུར་ཆ་རྐྱེན་བཟང་པོ་སྐྲུན་ཡོད་མོད། འོན་ཀྱང་ས་གནས་ནོར་སྲིད་ཀྱི་ཡོང་ཁུངས་བརྟན་པོ་ཡོང་བར་ཤུགས་སྣོན་རྒྱག་དགོས་པ་དང་། གཏེར་ཁའི་ཐོན་ཁུངས་རིགས་ཀྱི་ཁྲལ་འབབ་ལ་རིན་གོང་འཕར་ཆག་གི་ཤུགས་རྐྱེན་ཆེ་ཙམ་ཐེབས་པ། ཁྲལ་མིན་འབབ་བཟོ་བྱེད་རྒྱ་ཆེན་པོ་མེད་པ་སོགས་ཀྱི་གནས་ཚུལ་ཡང་འཕྲད་རྒྱུ་རེད། ནོར་སྲིད་གཏོང་སྒོའི་ཆ་ནས་བལྟས་ན། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ཞབས་ཞུ་འགན་སྲུང་བྱེད་པར་ནོར་ཤུགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས་པ་དང་། ལས་ཞུགས་བརྟན་པོ་དང་། དམངས་འཚོར་འགན་སྲུང་། འཛད་སྤྱོད་ལ་སྐུལ་འདེད། མ་འཇོག་རྒྱ་སྐྱེད་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་གཏོང་ཆའི་དགོས་མཁོ་སྔར་བཞིན་ཆེ་ཙམ་ཡིན་པ། གཞི་རིམ་གྱི“འགན་སྲུང་གསུམ”སོགས་ལ་མ་གཏོང་དཀའ་མེད་ཀྱི་གཏོང་སྒོའི་བསྡུར་ཚད་ཆེ་ཙམ་ཡིན་པ། ཀྲུང་དབྱང་ནོར་སྲིད་ཀྱི་སྒྱུར་སྤྲོད་མང་ཆེ་བའི་སྤྱོད་སྒོ་ཁ་གསལ་བ་དང་དམིགས་འཛུགས་ཀྱི་ཁ་ཕྱོགས་བཟོས་ཡོད་པས། ས་གནས་ནོར་སྲིད་ཀྱི་གཏོང་སྒོ་སྤོ་སྤྱོད་བྱེད་གཞི་ཆེན་པོ་མེད། ཕྱོགས་བསྡུས་དབྱེ་ཞིབ་བྱས་ན། 2025ལོར་ནོར་སྲིད་ཀྱི་གནས་བབ་བརྟན་ཐོག་ཡར་འཕེལ་ཡོང་བ་དང་ཆབས་ཅིག་དོ་སྙོམས་ཐུབ་ཙམ་ཡོང་བའི་གནོན་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པས་བསམ་བློ་དང་བྱ་སྤྱོད་ཐོག་གྲ་སྒྲིག་ཡག་པོ་བྱེད་དགོས་ཀྱི་ཡོད།

    (གཉིས) 2025ལོའི་སྔོན་རྩིས་བཟོ་འགོད་ཀྱི་སྤྱིའི་བླང་བྱ།

    2025ལོའི་སྔོན་རྩིས་བཟོ་འགོད་ཡག་པོ་བྱེད་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་བཀོད་སྒྲིག་གཞིར་བཟུང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། དགེ་མཚན་དེ་བས་ཆེ་བའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱེད་པ་དང་། ནོར་སྲིད་ཐོན་ཁུངས་དང་སྔོན་རྩིས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་ཀྱི་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ཁྱབ་ཁོངས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སུ་གཏོང་བ། མ་དངུལ་བེད་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་བ། ས་གནས་སྲིད་གཞུང་གི་བུ་ལོན་ལ་དོ་དམ་ནན་པོ་བྱེད་པ། ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། དཔལ་འབྱོར་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནོར་སྲིད་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།

    ཞིབ་ཕྲ་གཤམ་གསལ་གྱི་བླང་བྱ་མཐའ་འཁྱོངས་བྱེད་དགོས་པ་སྟེ། གཅིག་ནི་ཡོང་འབབ་སྔོན་རྩིས་དངོས་ཐོག་བདེན་འཚོལ་དང་ཚན་རིག་དང་མཐུན་པའི་ཚོད་སྐོར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཆུ་ཚད་དང་འཚམ་མཐུན་ཡོང་བ་དང་། དགེ་མཚན་དེ་བས་ཆེ་བའི་ནོར་སྲིད་སྲིད་ཇུས་དང་ཕན་ཚུན་འབྲེལ་མཐུད་ཐུབ་པ་བྱས་ནས། སྔོན་རྩིས་འཐུས་ཚང་རང་བཞིན་དང་ནོར་སྲིད་ཐོན་ཁུངས་ཀྱི་སྤྱི་འདོམས་བྱེད་ནུས་ཆེ་རུ་གཏོང་དགོས། གཉིས་ནི་གཏོང་སྒོའི་སྔོན་རྩིས་གྲུབ་ཆ་ལེགས་འགྱུར་དང་གཙོ་གནད་འབུར་ཐོན་ཡོང་བ་བྱས་ཏེ། གཅིག་གྱུར་འཆར་འགོད་ཡོད་ལ་ཕྱོགས་ཡོངས་ལ་ལྟ་རྟོག་ཐུབ་པ་དང་། འགན་སྲུང་ཡོད་ལ་ཚོད་འཛིན་ཡོད་པ་བྱ་རྒྱུར་དེ་བས་མཐོང་ཆེན་བྱས་ནས་ནོར་སྲིད་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་དགོས། གསུམ་ནི་སྲིད་གཞུང་གི་བུ་ལོན་ལུགས་དང་མཐུན་པའི་སྒོ་ནས་འཚམ་ཚད་རིན་པོ་བཟོས་ཏེ། ནུས་ལྡན་མ་འཇོག་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་རྒྱུན་མཐུད་ནས་འདོན་པ་དང་། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་འགོག་སེལ་ཏན་ཏིག་བྱེད་དགོས། བཞི་ནི་མ་དངུལ་དོ་དམ་ཐད་ཀྱི་ལས་རྗེས་ལ་མཐོང་ཆེན་བྱས་ཏེ། བརྒྱུད་རིམ་ཡོངས་ཀྱི་སྔོན་རྩིས་ལས་རྗེས་ཀྱི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག སྔོན་རྩིས་དང་ལས་རྗེས་ཟུང་འབྲེལ་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། ལྔ་ནི་ནོར་དཔལ་གྱི་སྒྲིག་ཁྲིམས་ནན་དུ་བཏང་སྟེ། ནོར་དོན་རྩིས་གཉེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོན་རྩིས་གཅུན་སྡོམ་ནན་དུ་གཏོང་བ། ནོར་སྲིད་ཀྱི་ཐེག་ནུས་ལ་དཔྱད་དཔོག་བྱེད་པ། སྔོན་རྩིས་ལག་བསྟར་གྱི་ལྟ་སྡོམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། མ་དངུལ་ཚད་ལྡན་དང་བདེ་འཇགས་ངང་བེད་སྤྱོད་ཐུབ་པར་བྱེད་དགོས།

    (གསུམ) 2025ལོའི་ནོར་སྲིད་སྲིད་ཇུས།

    ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། 2025ལོའི་སྔོན་རྩིས་བཟོ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བླང་བྱ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་སོགས་ཀྱི་དགོངས་དོན་གཞིར་བཟུང་། 2025ལོར་རང་ལྗོངས་ཀྱིས་དགེ་མཚན་དེ་བས་ཆེ་བའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ཏེ། རྒྱུན་མཐུད་ཤུགས་ཆེར་གཏོང་བ་དང་ཕན་སྐྱེད་ཆེ་རུ་བཏང་ནས་སྲིད་ཇུས་ཀྱི་སྣ་འདུས་ཐབས་བཟང་ཡག་པོ་སྤྱོད་དགོས།

    རྒྱུན་མཐུད་ཤུགས་ཆེར་གཏོང་དགོས་པ་གཙོ་བོ་ནི། སྲིད་ཇུས་འབྲེལ་མཐུད་ཡག་པོ་བྱས་ཏེ། བཏོན་ཟིན་པའི་སྲིད་ཇུས་ཀྱི་ནུས་ཕྱོད་ཆེ་ཤོས་འདོན་སྤེལ་ཐུབ་པ་བྱེད་དགོས་པ་མ་ཟད། གསར་དུ་བཏོན་ཞིང་ཤུགས་ཚད་ཆེ་བའི་སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་ཡག་པོ་བྱས་ཐོག དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་སྐབས་བསྟུན་ལེགས་སྒྲིག་བྱས་ཏེ་སྔ་རྗེས་འབྲེལ་མཐུད་དང་རྒྱུན་མཐུད་ཤུགས་སྣོན་རྒྱག་དགོས། ཕན་སྐྱེད་ཆེ་རུ་གཏོང་དགོས་པ་གཙོ་བོ་ནི། སྲིད་ཇུས་ཀྱི་འཁོར་རྒྱ་ཆ་ཚང་བེད་སྤྱོད་གང་ལེགས་བྱས་ཐོག དུས་འཁོར་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནོར་སྲིད་སྲིད་ཇུས་ཀྱི་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་བཏང་ནས། སྲིད་ཇུས་ཀྱི་ཤུགས་ཚད་སྔར་ལས་ཆེ་བ་དང་ཕན་འབྲས་སྔར་ལས་ལེགས་པ་ཡོང་བ་བྱས་ཏེ། ཕྱོགས་གང་ཅིའི་ཐད་ཐོབ་སྣང་སྔར་ལས་ཆེ་བ་ཡོང་བར་བྱེད་དགོས། ཞིབ་ཕྲ་ཕྱོགས་ལྔའི་ཐད་ནས་མཚོན་དགོས་པ་སྟེ། གཅིག་ནི་གཏོང་སྒོའི་ཤུགས་ཚད་ཆེ་རུ་གཏོང་བ་དང་གཏོང་སྒོའི་མྱུར་ཚད་མགྱོགས་སུ་གཏོང་དགོས། ཀྲུང་དབྱང་གི་སྒྱུར་སྤྲོད་མ་དངུལ་ཐོབ་ཐབས་ཧུར་ཐག་བྱེད་པ་དང་། ས་གནས་རང་ངོས་ཀྱི་འབྱོར་སྟོབས་ཡོང་གཞི་ལེགས་པར་བཙལ་ཏེ། མ་དངུལ་གཏོང་ཤུགས་ཆེ་ཙམ་རྒྱུན་འཁྱོངས་ཐུབ་པ་བྱེད་པ་དང་ཆབས་ཅིག་མ་དངུལ་ཁག་གཤམ་སྤྲོད་བྱེད་མགྱོགས་སུ་བཏང་ཐོག དངོས་ཡོད་ཀྱི་གཏོང་སྒོ་གང་མགྱོགས་ཆགས་པར་བྱེད་དགོས། གཉིས་ནི་སྲིད་ཇུས་མཉམ་སྤྱོད་བྱེད་པར་ཤུགས་སྣོན་བརྒྱབ་ནས་འཕར་སྣོན་བརྟན་པོ་དང་གྲུབ་ཆ་ལེགས་སྒྲིག་བྱེད་པར་འདེགས་སྐྱོར་དེ་བས་མང་བ་བྱེད་དགོས། ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ནང་གི་མ་འཇོག་དང་། དུས་ཡུན་ཆེས་རིང་བའི་དམིགས་བསལ་གྱི་རྒྱལ་བུན། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་ལོར་སོགས་སྲིད་ཇུས་ཀྱི་མཐུན་རྐྱེན་གང་ལེགས་སྤྱད་དེ། ནུས་ལྡན་མ་འཇོག་རྒྱུན་མཐུད་རྒྱ་སྐྱེད་གཏོང་དགོས། ནོར་སྲིད་དང་དངུལ་རྩའི་སྲིད་ཇུས་མཉམ་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ནོར་སྲིད་ཀྱིས་སྐྱེད་གསབ་དང་མ་དངུལ་བསྡུ་སྒྲིལ་ཁག་ཐེག་སོགས་སྲིད་ཇུས་ཀྱི་མཐུན་རྐྱེན་གང་ལེགས་སྤྱད་དེ། ནོར་སྲིད་ཀྱི་མ་དངུལ་ལྡབ་འགྱུར་ཕན་འབྲས་དང་འགྱོགས་མདའི་ནུས་པ་ཐོན་རྒྱུར་མཐོང་ཆེན་བྱེད་དགོས། གསུམ་ནི་གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་ཤུགས་ཆེ་དང་གཏོང་སྤྲོད་གནད་སྨིན་བྱེད་ཤུགས་ཆེ་རུ་བཏང་སྟེ། དམངས་འཚོར་ཕན་པ་དང་། འཛད་སྤྱོད་ལ་སྐུལ་འདེད། འདིང་ཤུགས་ཆེར་གཏོང་བཅས་ལ་སྔར་བས་མཐོང་ཆེན་བྱེད་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུར་དམིགས་ནས་ལས་ཞུགས་བརྟན་པོ་ཡོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་བ་དང་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། ནུས་ལྡན་གྱི་དགོས་མཁོ་རྒྱ་སྐྱེད་གཏོང་བར་དམིགས་ནས་འཛད་སྤྱོད་སྐུལ་སློང་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་མིའི་ཡོང་འབབ་འཕར་སྣོན་ཡོང་བ་དང་། སྤྱི་ཚོགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། འཛད་སྤྱོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུར་དམིགས་ཏེ། སློབ་གསོའི་ཤེས་ལྡན་པ་དང་། ཚན་རྩལ་འགག་སྒྲོལ། གྲོང་གསེབ་དར་རྒྱས། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སྲིད་ཇུས་མཉམ་སྤེལ་རང་བཞིན་ཆེ་རུ་གཏོང་དགོས། བཞི་ནི་ཀྲུང་དབྱང་གི་བུན་སེལ་སྲིད་ཇུས་ཆ་ཚང་གང་ལེགས་སྤྱད་དེ་ནོར་སྲིད་བརྟན་སྙོམས་ངང་འཁོར་རྒྱུག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྔ་ནི་གཞི་རིམ་ལ་སྒྱུར་སྤྲོད་སྔར་བས་བྱེད་མང་དུ་བཏང་སྟེ་གཞི་རིམ་གྱི་འབྱོར་སྟོབས་ཇེ་ཆེར་གཏོང་བ་དང་། “འགན་སྲུང་གསུམ”གྱི་མཐའ་ཚད་བརྟན་པོར་བསྲུང་དགོས། དོ་སྙོམས་རང་བཞིན་གྱི་སྒྱུར་སྤྲོད་དང་རྫོང་རིམ་པའི་གཞི་རྩའི་འབྱོར་སྟོབས་འགན་སྲུང་ལམ་སྲོལ་གྱི་བྱ་དགའི་ཁ་གསབ་མ་དངུལ་སོགས་ཀྱི་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ནས། གཞི་རིམ་གྱི་འབྱོར་སྟོབས་འགན་སྲུང་བྱེད་པར་ཤུགས་སྣོན་བརྒྱབ་ཐོག གཞི་རིམ་གྱི“འགན་སྲུང་གསུམ”ལ་གནད་དོན་མི་ལྷག་པ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐུལ་ལྕག་མ་དངུལ་མང་དུ་བཏང་སྟེ་གྲོང་ཁྱེར་དང་རྫོང་གིས་རང་འགུལ་ངང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ཡོང་འབབ་དེ་བས་མང་དུ་འགྲོ་རྒྱུར་སྐུལ་ལྕག་གཏོང་དགོས།

    (བཞི) 2025ལོའི་སྔོན་རྩིས་ཡོང་འབབ་ཚོད་རྩིས་དང་གཏོང་སྒོ་བཀོད་སྒྲིག

    སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་303ཟིན་རྒྱུ་ཡིན་ཞིང་། ལོ་གོང་མའི་ལག་བསྟར་བྱས་གྲངས་ལས་10%འཕར་རྒྱུ་ཡིན་པ་དང་། དེའི་ཐོག་ཀྲུང་དབྱང་གིས་སྔ་སྣུར་དུ་སྒྱུར་སྤྲོད་བྱས་པ་དང་སྤྱིར་བཏང་གི་དངུལ་བུན་སྒོར་དུང་ཕྱུར་2007.1བསྣན་ན། ལོ་འགོའི་སྔོན་རྩིས་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་2310.1(ལག་བསྟར་བྱེད་རིང་ཀྲུང་དབྱང་གི་སྒྱུར་སྤྲོད་བྱས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་འགྱུར་ལྡོག་བཏང་སྟེ་ལེགས་སྒྲིག་བྱ་རྒྱུ)ཟིན་རྒྱུ་ཡིན། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་2310.1བཀོད་སྒྲིག་བྱེད་རྩིས་ཡོད་ཅིང་། དེའི་ཐོག་སྒྲིག་སྲོལ་ལྟར་ཀྲུང་དབྱང་གི་གཏོང་སྒོ་གོང་འབུལ་དང་། སྤྱིར་བཏང་གི་བུ་ལོན་འཇལ་སྤྲོད་བྱས་པ་སོགས་བསྣན་ན། ལོ་འགོའི་སྔོན་རྩིས་གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་2831ཟིན་རྒྱུ་ཡིན། དེའི་ནང་ལྗོངས་རིམ་པ་འདི་གའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་40.8ཡིན་པ་དེ་དུས་མཚུངས་ལས་16.6%འཕར་རྒྱུ་ཡིན་པ་དང་། དེའི་ཐོག་ཀྲུང་དབྱང་ནས་སྔ་སྣུར་དུ་སྒྱུར་སྤྲོད་བྱས་པ་དང་སྤྱིར་བཏང་གི་དངུལ་བུན་སྒོར་དུང་ཕྱུར་2007.1བསྣན་ན། ལོ་འགོའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་2047.9ཟིན་རྒྱུ་ཡིན། ལྗོངས་རིམ་པ་འདི་གའི་གཏོང་སྒོ་སྒོར་དུང་ཕྱུར་1058.9(ལག་བསྟར་བྱེད་རིང་གྲོང་ཁྱེར་དང་རྗོང་ལ་གཤམ་སྤྲོད་བྱས་པའི་མ་དངུལ་ཚུད)དང་། གྲོང་ཁྱེར་དང་རྫོང་ལ་སྒྱུར་སྤྲོད་སྒོར་དུང་ཕྱུར་1480.6བཀོད་སྒྲིག་བྱ་རྩིས་ཡོད་པའི་ཐོག སྒྲིག་སྲོལ་ལྟར་ཀྲུང་དབྱང་གི་གཏོང་སྒོ་གོང་འབུལ་ཞུས་པ་དང་། སྤྱིར་བཏང་གི་བུ་ལོན་འཇལ་སྤྲོད་སོགས་བསྣན་ན། ལོ་འགོར་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་2582.1ཟིན་རྒྱུ་ཡིན། ལོ་འགོར་གཏོང་ཡོང་གི་ཆད་ཆ་དེ་ཁྲིམས་ལྟར་སྔོན་རྩིས་བརྟན་སྙོམས་ཐེབས་རྩ་ནས་ཁ་གསབ་བྱས་ན་གཏོང་ཡོང་གི་སྤྱི་འབོར་དོ་སྙོམས་ཐུབ་རྒྱུ་རེད།

    སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་42.5ཡིན་ཞིང་། དེའི་ཐོག་ཀྲུང་དབྱང་གིས་སྔ་སྣུར་དུ་སྒྱུར་སྤྲོད་བྱས་པ་དང་ཆེད་དམིགས་བུ་ལོན་སོགས་བསྣན་ན། ལོ་འགོའི་སྔོན་རྩིས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་289.3ཟིན་རྒྱུ་ཡིན། གཏོང་སྒོ་སྒོར་དུང་ཕྱུར་272.1ཡིན་ཞིང་། དེའི་ཐོག་ཆེད་དམིགས་བུ་ལོན་གྱི་མ་རྩ་ཕྱིར་སློག་གི་གཏོང་སྒོ་སོགས་བསྣན་ན། ལོ་འགོའི་སྔོན་རྩིས་གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་289.3ཟིན་རྒྱུ་ཡིན། དེའི་ནང་ལྗོངས་རིམ་པ་འདི་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་4.9ཡིན་ཞིང་། དེའི་ཐོག་ཀྲུང་དབྱང་གིས་སྔ་སྣུར་དུ་སྒྱུར་སྤྲོད་བྱས་པ་དང་ཆེད་དམིགས་བུ་ལོན་སོགས་བསྣན་ན། ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་200.4ཟིན་རྒྱུ་ཡིན། གཏོང་སྒོ་སྒོར་དུང་ཕྱུར་191.4ཡིན་ཞིང་། དེའི་ཐོག་ཆེད་དམིགས་བུ་ལོན་སྒྱུར་གཏོང་བྱས་པ་སོགས་བསྣན་ན་གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་200.4ཟིན་རྒྱུ་ཡིན།

    གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས། ལྗོངས་ཡོངས་ཀྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་5.7ཡིན་ཞིང་། དེའི་ཐོག་ཀྲུང་དབྱང་གིས་སྔ་སྣུར་དུ་སྒྱུར་སྤྲོད་བྱས་པ་སོགས་བསྣན་ན། ལོ་འགོའི་སྔོན་རྩིས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་10.1ཡིན། གཏོང་སྒོ་སྒོར་དུང་ཕྱུར་7.3ཡིན་ཞིང་། དེའི་ཐོག་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒྱུར་འཇུག་བྱས་པ་སོགས་བསྣན་ན། ལོ་འགོའི་སྔོན་རྩིས་ཀྱི་གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་10.1ཟིན་རྒྱུ་ཡིན། དེའི་ནང་ལྗོངས་རིམ་པ་འདི་གའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་1.7ཡིན་ཞིང་། དེའི་ཐོག་ཀྲུང་དབྱང་གིས་སྔ་སྣུར་དུ་སྒྱུར་སྤྲོད་བྱས་པ་སོགས་བསྣན་ན། ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་3.1ཟིན་རྒྱུ་ཡིན། གཏོང་སྒོ་སྒོར་དུང་ཕྱུར་2.6ཡིན་ཞིང་། དེའི་ཐོག་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒྱུར་འཇུག་བྱས་པ་སོགས་བསྣན་ན། གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་3.1ཟིན་རྒྱུ་ཡིན།

    སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་371.3ཡིན་ཞིང་། དེའི་ནང་འགན་བཅོལ་བྱས་གྲོན་གྱི་ཡོང་འབབ་སྒོར་དུང་ཕྱུར་306.8དང་། ནོར་སྲིད་ཀྱི་ཁ་གསབ་དང་སྐྱེད་ཀ་སོགས་ཡོང་འབབ་གཞན་དག་སྒོར་དུང་ཕྱུར་64.5ཚུད་ཡོད། གཏོང་སྒོ་སྒོར་དུང་ཕྱུར་275.1ཡིན། ལོ་དེ་གའི་གཏོང་ཡོང་འཕྲོས་ལྷག་སྒོར་དུང་ཕྱུར་96.2དང་ལོ་མཇུག་གི་རིམ་གསོག་འཕྲོས་ལྷག་སྒོར་དུང་ཕྱུར་850.5ཡིན།

    (ལྔ) 2025ལོའི་ནོར་སྲིད་ཀྱི་གཙོ་གནད་གཏོང་སྒོ་བཀོད་སྒྲིག་བྱས་ཚུལ།

    གཅིག་ནི་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང“བཅོས་སྐྱོང་ལྔ”མཉམ་འདྲེས་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་སོགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་འཛུགས་སྐྱོང་བྱ་རྒྱུ། བཟའ་བཅའ་དང་སྨན་རྫས་ལ་ལྟ་སྐུལ་དོ་དམ་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་སྲུང་སྐྱོང་སོགས་ལ་ཤུགས་སྣོན་རྒྱག་རྒྱུ། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་དང་། “འཆར་གཞི་གསུམ”ལག་བསྟར་གཏིང་ཟབ་བྱེད་པ། “ས་མཐོའི་སེ་འབྲུ་དམར་པོའི”སྤུས་རྟགས་ཡོངས་སུ་གཏོད་པ། བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གླེང་སྟེགས་སྐབས་གཉིས་པ་གཉེར་བ་སོགས་བྱ་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་སྤུས་ཚད་སོགས་སྲ་བརྟན་དང་མཐོ་རུ་གཏོང་རྒྱུ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དགོན་སྡེར་འཛུགས་གཏོད་དང་། ཆོས་ལུགས་ཁྱབ་ཁོངས་ལ་རྒྱལ་ཁབ་ཀྱི་གནས་ཚུལ་སྐོར་གྱི་སློབ་གསོ་སྤེལ་བ། ཆོས་ལུགས་འཐུས་ཚབ་མི་སྣ་གསོ་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་བཅས་རེད།

    གཉིས་ནི་མ་འཇོག་དང་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱེད་དགོས། ནུས་ལྡན་གྱི་མ་འཇོག་རྒྱ་སྐྱེད་གཏོང་བར་ཤུགས་རྒྱག་རྒྱུ། “གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་གྱི་འགག་སྒྲོལ་ལོའི”བྱ་སྤྱོད་སྤེལ་བར་དམིགས་ཏེ། ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ནང་གི་མ་འཇོག་དང་། “གཙོ་གཉིས”དང་“གསར་གཉིས”ཀྱི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ། ས་གནས་སྲིད་གཞུང་གི་བུན་ལོར་སོགས་སྲིད་གཞུང་གིས་མ་འཇོག་བྱེད་པའི་མ་དངུལ་རིགས་ཁག་སྤྱི་འདོམངས་ཀྱིས་བེད་སྤྱོད་ཡག་པོ་བྱ་རྒྱུ་དང་། འགག་རྩའི་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་295བཀོད་སྒྲིག་བྱས་ནས་འགྲིམ་འགྲུལ་དང་། ཆུ་བེད། སློབ་གསོ། ནུས་རྒྱུ་གཙང་མ་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། འཛད་སྤྱོད་འཕར་སྣོན་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། ཞིང་ཕན་དམངས་ཕན་གྱི་ཁ་གསབ་སྤྲོད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མང་དུ་འགྲོ་བ་དང་། གྲོང་མིའི་འཛད་སྤྱོད་བྱེད་ནུས་དང་སྔོན་དཔག་བྱེད་ནུས་ལེགས་སུ་གཏོང་རྒྱུ། སྒྲིག་ཆས་གསར་བརྗེས་འབོར་ཆེན་དང་འཛད་སྤྱོད་དངོས་རྫས་རྙིང་པ་གསར་བརྗེས་བྱེད་པའི་ལས་ཀར་སྐུལ་འདེད་ཤུགས་ཆེན་བཏང་ཐོག སྲིད་ཇུས་ཀྱི་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་ནས་འཕོན་ཆེའི་འཛད་སྤྱོད་དེ་བས་མང་བ་ཡོང་བར་སྐུལ་ཁྲིད་བྱ་རྒྱུ། འཛད་སྤྱོད་ཆེར་གཏོང་གི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་2བཀོད་སྒྲིག་བྱས་ནས“བདེ་སྐྱིད་ལྡན་པའི་བོད་ལྗོངས། གཟིགས་སྐྱོང་ལྡན་པའི་འཚོ་བ”སོགས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ་བཅས་རེད།

    གསུམ་ནི་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས། ཐོན་ལས་ཆེན་པོ་དགུ་ལ་གཙོ་བོར་ཕྱོགས་ནས་ཐོན་ལས་འཕེལ་རྒྱས་གཏོང་བའི་མ་དངུལ་སྒོར་དུང་ཕྱུར་30བཀོད་སྒྲིག་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་10བཀོད་སྒྲིག་བྱས་ནས་མཐོ་གསར་གྲངས་འཛིན་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་7.5བཀོད་སྒྲིག་བྱས་ནས་སྤྱི་སྤྱོད་གནམ་ཐང་འཛུགས་སྐྲུན་དང་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་4.6བཀོད་སྒྲིག་བྱས་ནས་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་སྐྱོང་སྤེལ་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་དང་། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་ཀྱི་སྲིད་ཇུས་སྦབ་ཆ་ཅིག་ཞིབ་འཇུག་བྱས་ནས་བཟོ་རྒྱུ། མ་དངུལ་སྒོར་དུང་ཕྱུར་2.2བཀོད་སྒྲིག་བྱས་ནས་མཐའ་མཚམས་ཉོ་ཚོང་ཟོག་འགྲེམས་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་1.6བཀོད་སྒྲིག་བྱས་ནས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་0.8བཀོད་སྒྲིག་བྱས་ནས་གཙོ་གནད་གཏེར་ལས་ཀྱི་སྤུས་འབྲས་ལེགས་གཉེར་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ། ས་མཐོའི་ཐབ་ཆས་གསར་པའི་ཐོན་ལས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་ཏེ་ཁ་གསབ་སྤྲད་ནས་ཁྱབ་གདལ་སྣ་རིགས་མང་དུ་གཏོང་བ་དང་ཁ་གསབ་སྤྲོད་པའི་དུས་ཚད་རིང་དུ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་1.3བཀོད་སྒྲིག་བྱས་ཏེ“སྐལ་བཟང་མེ་ཏོག་བྱ་སྤྱོད”ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་བྱ་དགའི་ཁ་གསབ་སྤྲད་ནས་ཀུན་ཕན་དངུལ་རྩ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་བཅས་རེད།

    བཞི་ནི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཞིང་འབྲོག་ལས་སྤུས་འབྲས་གཉིས་མཐོའི་ངང་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་63བཀོད་སྒྲིག་བྱས་ནས་ཞིང་ལས་ཀྱི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་རྒྱུ། འབྲུ་རིགས་འདེབས་མཁན་ཞིང་པའི་ཁེ་འབབ་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འབྲུ་རིགས་ཐོན་འབོར་ཏུན་ཁྲི་100ཡན་བརྟན་པོར་གནས་པའི་འགན་ལེན་ཏན་ཏིག་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་10.6བཀོད་སྒྲིག་བྱས་ནས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་20གསར་སྐྲུན་དང་སྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་12.2བཀོད་སྒྲིག་བྱས་ནས་ཞིང་ལས་ཐོན་སྐྱེད་ཀྱི་གེགས་འགོག་དང་གནོད་འཚེ་ཉུང་གཏོང་བྱེད་ནུས་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་རྒྱུ་དང་། འབྲུ་རིགས་ལོ་ཏོག་ཆེ་གྲས་བཞིའི(ནས་དང་། གྲོ། འབྲས། མ་རྨོས་ལོ་ཏོག)མ་གནས་ཆ་ཚང་འགན་བཅོལ་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་3.5བཀོད་སྒྲིག་བྱས་ཏེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་སྤུས་ཚད་དང་གཉེར་སྐྱོང་བྱེད་པོ་གསར་པའི་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་ཁྲི་2362བཀོད་སྒྲིག་བྱས་ནས་རྩྭ་ར་སྔོ་ལོག་གི་དུས་ཚིགས་སུ་ཕྱུགས་འཚོ་མཚམས་བཞག་པའི་ཁ་གསབ་སོགས་ཀྱི་ཚོད་ལྟའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། ས་ཆ་ནང་བཤུག་བཏང་བའི་ཡོང་འབབ་དེ་ཞིང་ལས་དང་གྲོང་གསེབ་ཏུ་སྤྱོད་པའི་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། གྲོང་གསེབ་དར་རྒྱས་གཏོང་བར་འབྲེལ་མཐུད་བྱེད་པའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་114.1བཀོད་སྒྲིག་བྱས་ཏེ་ཞིང་འབྲེལ་ཞིང་ཁྲིད་ཞིང་ཕྱུག་གསུམ་གྱི་ཐོན་ལས་འཕེལ་རྒྱས་གཏོང་བར་སྔོན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། དབུལ་ལོག་མི་ཡོང་བའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་སོགས་གཙོ་གནད་མི་ཚོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་ཁྱོན་ཆེ་བའི་དབུལ་ལོག་དང་དབུལ་པོ་ཆགས་པའི་གནས་ཚུལ་མི་ཐོན་པའི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་45.1བཀོད་སྒྲིག་བྱས་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཡོང་ཚད་དང་། སྤྱི་པའི་ཞབས་ཞུ་སྟབས་བདེ་ཡོང་ཚད། མིའི་འཚོ་སྡོད་ཁོར་ཡུག་འཕྲོད་པོ་ཡོང་ཚད་བཅས་རིམ་བཞིན་ཆེ་རུ་འགྲོ་བར་རྒྱབ་སྐྱོར་བྱ་རྒྱུ་དང་། ས་མཐོའི་མཛེས་མཐུན་གྲོང་གསེབ་180འཛུགས་སྐྲུན་བྱ་རྒྱུ། ཤང་དང་གྲོང་རྡལ་ཚང་མ་དང་90%ཡན་གྱི་སྲིད་འཛིན་གྲོང་ཚོར་ཨར་འདམ་ལམ་བཏིང་ཐུབ་པ་བྱ་རྒྱུ། “ཚོམས་ཆེན་དང་། ཉལ་ཁང་། ཐབ་ཚང”བཅས་ལོགས་བཟོའི་ཚོད་ལྟ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། སྲོལ་རྒྱུན་གྲོང་སྡེ་གཅིག་སྡུད་ཡུག་འབྲེལ་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་དཔེ་སྟོན་གཏོད་པར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་2.1བཀོད་སྒྲིག་བྱས་ནས་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་གྲོང་གསེབ་ཀྱི་ཉེན་ཆེའི་སྡོད་ཁང་སྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ཁང་པའི་ཡོམ་འགོག་ནུས་པ་ཆེ་རུ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་9.5བཀོད་སྒྲིག་བྱས་ནས་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་འགན་སྲུང་དང་། ཉེན་ཆེའི་ཆུ་མཛོད་ཀྱི་ཉེན་སེལ་བརྟན་བཟོ། ཞིང་ཆུ་འདྲེན་ཁུལ་འབྲིང་གྲས་མུ་མཐུད་འཛུགས་སྐྲུན་དང་སྒྱུར་བཀོད་སོགས་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བརྟན་པོ་གཏོང་རྒྱུ། ཞིང་འབྲོག་ལས་ཀྱི་གཞན་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་བར་སྐུལ་ལྕག་བྱེད་པའི་སྲིད་ཇུས་འཐུས་ཚང་བཟོས་ཐོག བྱ་དགའི་མ་དངུལ་སྒོར་དུང་ཕྱུར་1.6བཀོད་སྒྲིག་བྱས་ནས་རྒྱུན་སྡོད་ས་ཁུལ་དུ་སློབ་གསོ་དང་། སྡོད་ཁང་འགན་སྲུང་། སྤྱི་ཚོགས་འགན་བཅོལ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུར་མ་དངུལ་མང་དུ་གཏོང་བར་ཁྲིད་སྟོན་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་7བཀོད་སྒྲིག་བྱས་ནས་ལྷ་སའི་བར་སྐོར་གནའ་གྲོང་སྲུང་སྐྱོང་དང་གྲོང་ཁུལ་རྙིང་པ་སྒྱུར་བཀོད་ལེགས་བཅོས་བྱེད་པའི་ལས་གྲྭར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་5.1བཀོད་སྒྲིག་བྱས་ནས་གཞི་རིམ་གྱི་དྲོད་རླངས་མཁོ་འདོན་ལས་གཉེར་ལ་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་3.9བཀོད་སྒྲིག་བྱས་ནས་སྤྱི་པའི་བོགས་གཏོང་སྡོད་ཁང་དང་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།

    ལྔ་ནི་སྒྱུར་བཅོས་སྒོ་དབྱེ་དང་ཕྱོགས་ཡོངས་ནས་གསར་གཏོད་ཇེ་མགྱོགས་སུ་གཏོང་དགོས། མ་དངུལ་སྒོར་དུང་ཕྱུར་8བཀོད་སྒྲིག་བྱས་ནས་ཉིང་ཁྲིའི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཚོད་ལྟ་གཏིང་ཟབ་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ། མཐའ་མཚམས་ས་ཁུལ་ལ་མ་དངུལ་སྒྱུར་སྤྲོད་བྱས་པ་བརྒྱུད་དེ་འགྲམ་གྲོང་རྡལ་སླར་གསོ་བསྐྱར་སྐྲུན་དང་། འགག་སྒོ་འཛུགས་སྐྲུན། སྲོལ་རྒྱུན་གྱི་མཐའ་མཚམས་ཉོ་ཚོང་ས་ཚིགས་སྒོ་དབྱེ་བཅས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ལས་རྗེས་སྟོན་ཕྱོགས་སུ་བྱས་ཏེ་ནོར་སྲིད་ཀྱིས་ཚན་རྩལ་ལ་མ་དངུལ་གཏོང་བར་དོ་དམ་དང་བེད་སྤྱོད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག ཚན་རྩལ་མ་དངུལ་སྒོར་དུང་ཕྱུར་11བཀོད་སྒྲིག་བྱས་ནས་ཚན་རྩལ་འབྲས་བུ་དངོས་སྒྱུར་བཀོལ་སྤྱོད་དང་ཐོན་ལས་ཅན་གྱི་འདེགས་སྐྱོར་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། “གསོ་སྐྱོང་དང་། གདན་ཞུ། སྤྱོད་པ། གནས་ཐུབ་པ”བཅས་ཀྱི་འདུ་འགོད་དང“ཇོ་མོ་གླང་མའི་ཤེས་ལྡན་པའི”འཆར་འགོད་ལ་དམིགས་ཏེ། མ་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་ནས་རིམ་པ་མཐོ་ཞིང་དགོས་གཏུགས་ཆེ་ལ་ཁ་ཐང་བའི་ཤེས་ལྡན་པ་གདན་ཞུ་ཤུགས་ཆེན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།

    དྲུག་ནི་དམངས་འཚོ་དེ་བས་ལེགས་པའི་སྒོ་ནས་འགན་སྲུང་དང་ལེགས་བཅོས་བྱེད་དགོས། དམངས་འཚོའི་བྱ་བ་དངོས་མུ་མཐུད་ཡག་པོ་བསྒྲུབ་རྒྱུ། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལ་དམིགས་ནས་མ་དངུལ་སྒོར་དུང་ཕྱུར་148བཀོད་སྒྲིག་བྱས་ཏེ་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་བྱ་བ་དངོས་28བསྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུ། ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུ། ལས་ཞུགས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་36.7བཀོད་སྒྲིག་བྱས་ནས་ལས་ཞུགས་ཐབས་ལམ་རྒྱ་ཆེར་འགྲོ་བ་དང་སྤྱི་པའི་ལས་ཞུགས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་8.8བཀོད་སྒྲིག་བྱས་ནས་ལོ་དེ་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་0.9བཀོད་སྒྲིག་བྱས་ནས་ཞིང་འབྲོག་པ་གཞན་སྒྱུར་ལས་ཞུགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་ནས་གཙོ་གནད་ས་ཁུལ་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱ་རྒྱུ། སློབ་གསོ་སྔོན་སྤེལ་མཐའ་འཁྱོངས་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་335བཀོད་སྒྲིག་བྱས་ནས་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་སྤུས་ལེགས་ངང་འཕེལ་རྒྱས་གཏོང་བ་དང་། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་གཏོང་བ། མཐོ་འབྲིང་དུས་མཚམས་ཀྱི་སློབ་གྲྭ་སྣ་མང་ཅན་དུ་འཕེལ་རྒྱས་གཏོང་བ། ལས་རིགས་སློབ་གསོ་དང་། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་མཐུན་སྦྱོར་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ལོ་15ཡི་གཞུང་གྲོན་སློབ་གསོའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་5700བར་མཐོ་རུ་གཏོང་རྒྱུ་དང་། མཐོ་འབྲིང་སློབ་མའི་ཆ་སྙོམས་འགྲོ་གྲོན་ཚད་གཞི་སྒོར་1100བར་མཐོ་རུ་གཏོང་རྒྱུ། ཞིབ་འཇུག་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་འབྲིང་རིམ་ལས་རིགས་སློབ་གསོ་སོགས་སློབ་ཞུགས་རོགས་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ། སྒོར་དུང་ཕྱུར་5བཀོད་སྒྲིག་བྱས་ནས་བོད་ལྗོངས་ཆ་ཚང་སློབ་འབྲིང(སི་ཁྲོན་ཐེན་ཧྥུའུ)འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། སྒོར་དུང་ཕྱུར་5བཀོད་སྒྲིག་བྱས་ནས་འོས་འགན་སློབ་གསོ་དང་མཐོ་འབྲིང་དུས་མཚམས་ཀྱི་སློབ་གནས་དཀོན་པའི་ཞན་ཆ་གང་མགྱོགས་གསབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། སྒོར་དུང་ཕྱུར་3.3བཀོད་སྒྲིག་བྱས་ནས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཁུལ་གསར་པ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ། “དམིགས་བྱ་ལྔའི”བླང་བྱ་དོན་འཁྱོལ་བྱས་ཏེ་འཕྲོད་བསྟེན་བདེ་ཐང་གི“བྱ་སྤྱོད་བརྒྱད”སྤེལ་ཐོག མ་དངུལ་སྒོར་དུང་ཕྱུར་65.6བཀོད་སྒྲིག་བྱས་ནས་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་གཏོང་གི་འདུ་འགོད་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་གཤམ་སྤྲོད་དང་དོ་སྙོམས་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་8བཀོད་སྒྲིག་བྱས་ནས། “1+7+13”གྱི་སྨན་ཁང་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཟུགས་པོ་བརྟག་དཔྱད་བྱེད་པའི་ཚད་གཞི་མཐོ་རུ་གཏོང་རྒྱུ། ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། བྱིས་པའི་ལྷན་སྐྱེས་སྙིང་ནད། ཞིང་འབྲོག་མང་ཚོགས་ཀྱི་སྐྱ་འགྲིབ་བཅས་རིན་མེད་སྨན་བཅོས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། རྒྱལ་དམངས་ཀྱི་འཚོ་བཅུད་འཆར་གཞི་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ། སློབ་ལོ་ལོན་པའི་སློབ་གྲྭར་འགྲོ་མུས་ཀྱི་ཕྲུ་གུ་བུ་མོར་HPVཡི་རིམས་འགོག་སྨན་ཁབ་རིན་མེད་ཐོག་རྒྱག་རྒྱུ། ལྷན་སྐྱེས་དབང་པོ་མི་ཚང་བའི་བྱིས་པར་གྲལ་བཤེར་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་20.8བཀོད་སྒྲིག་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་ལོ་རེར་མི་རེར་ཆ་སྙོམས་ཚད་གཞི་སྒོར་735བར་མཐོ་རུ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་4.2བཀོད་སྒྲིག་བྱས་ནས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་120བར་མཐོ་རུ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་6.2བཀོད་སྒྲིག་བྱས་ཏེ་སྤྱི་ཕན་རང་བཞིན་སྟོན་ཕྱོགས་སུ་བྱས་པའི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་མི་སྣའི་ནུས་པ་ཆེར་གཏོང་འཆར་གཞི་ལག་བསྟར་བྱ་རྒྱུ། བོད་ལྗོངས་བོད་སྨན་གྱི“རྩེ་གྲས་བཞིའི”དམིགས་ཚད་གཏོད་པར་རྒྱབ་སྐྱོར་བྱ་རྒྱུ། སྤྱི་ཚོགས་འགན་སྲུང་བྱེད་པ་དང་ཞབས་ཞུ་སྒྲུབ་པར་ཤུགས་སྣོན་རྒྱག་རྒྱུ། མ་དངུལ་སྒོར་དུང་ཕྱུར་129བཀོད་སྒྲིག་བྱས་ནས་རིམ་པ་དང་རིགས་དབྱེ་བའི་ཐོག་ནས་སྤྱི་ཚོགས་འགན་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ། མ་དངུལ་སྒོར་དུང་ཕྱུར་9.9བཀོད་སྒྲིག་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་འཚོ་སྐྱོང་གི་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར་275བར་མཐོ་རུ་གཏོང་རྒྱུ་དང་། རྒན་ཡོལ་ཞུ་མིའི་རྒན་གསོའི་འཚོ་སྐྱོང་མ་དངུལ་མང་དུ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་13.8བཀོད་སྒྲིག་བྱས་ནས་སྤྱི་ཚོགས་རོགས་སྐྱོབ་ཀྱི་དམངས་འཚོའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་ཁག་སོ་སོར་སྒོར་12324དང་སྒོར་5790བར་མཐོ་རུ་གཏོང་རྒྱུ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་མཚུངས་ཀྱིས་བབ་བསྟུན་ངང་མཐོ་རུ་གཏོང་རྒྱུ། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སུ་ས་ཁུལ་རིགས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཁག་སོ་སོར་སྒོར་17616དང་། སྒོར་21144 སྒོར་23784བཅས་བར་མཐོ་རུ་གཏོང་རྒྱུ། དབང་པོ་སྐྱོན་ཅན་གྱི“རྣམ་གྲངས་གཉིས”ཀྱི་ཁ་གསབ་རོགས་དངུལ་ལོ་རེར་མི་རེར་ཆ་སྙོམས་ཁག་སོ་སོར་སྒོར་1728དང་སྒོར་3456བར་མཐོ་རུ་གཏོང་རྒྱུ། ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་100མཐོ་རུ་གཏོང་རྒྱུ། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཡུན་རིང་ནད་སྐྱོང་གཡོག་བྱེད་ཀྱི་འགན་བཅོལ་ལམ་ལུགས་གང་མགྱོགས་འཛུགས་རྒྱུ། མང་ཚོགས་ཀྱི་རིག་གནས་དང་ལུས་རྩལ་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་13.2བཀོད་སྒྲིག་བྱས་ནས་དུས་རབས་གསར་པའི་རིག་རྩལ་གསར་རྩོམ་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། རིག་གནས་དམངས་ཕན་དང་གྲོང་གསེབ་ཀྱི་རིག་གནས་ཐོན་རྫས་མཁོ་འདོན་སོགས་བྱེད་པའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་5.4བཀོད་སྒྲིག་བྱས་ཏེ་སྤྱི་པའི་རིག་གནས་ཐོན་རྫས་དང་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་དང་། “ཁང་གསུམ་ཚུགས་གཅིག”རིན་མེད་སྒོ་དབྱེ་དང་ལུས་རྩལ་བྱེད་སྒོ་སྤེལ་གནས་རིན་པ་དམའ་པོས་སྒོ་མོ་འབྱེད་རྒྱུ་མུ་མཐུད་ལག་བསྟར་བྱ་རྒྱུ། གཞུང་ཁོངས་རིག་རྩལ་ཁང་དང་ཚོགས་པའི་སྒྱུར་བཅོས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་འཁོར་སྐྱོད་གྲོན་དངུལ་སྤྱི་འདོམས་བྱས་ཏེ། གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། རྒྱན་ཤོག་གི་སྤྱི་ཕན་མ་དངུལ་སོགས་སྒོར་དུང་ཕྱུར་2.2བཀོད་སྒྲིག་བྱས་ཏེ་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སའི་སྒྲིག་བཀོད་ཚགས་ཚུད་དུ་གཏོང་བ་དང་། ལུས་རྩལ་འགྲན་བསྡུར་གྱི་གལ་ཆེའི་བྱེད་སྒོ་གང་ལེགས་གཉེར་བར་རྒྱབ་སྐྱོར་བྱ་རྒྱུ།

    བདུན་ནི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ས་མཐོའི་གནམ་སྔོན་ཆུ་དྭངས་ས་གཙང་བཅས་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་10.2བཀོད་སྒྲིག་བྱས་ཏེ་གནམ་སྔོན་ཆུ་དྭངས་ས་གཙང་གསུམ་གྱི་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་རྒྱུ། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྫོང་རིམ་པ་ཡན་གྱི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ལ་ཡོངས་ཁྱབ་ཏུ་ཞིབ་བཤེར་བྱ་རྒྱུ། སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་ལ་སྐྱིན་གསབ་འཇལ་བའི་མ་དངུལ་དོ་དམ་ལམ་ལུགས་ཞིབ་འཇུག་བྱས་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་ལ་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་36བཀོད་སྒྲིག་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་ལམ་སྲོལ་དོན་འཁྱོལ་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་21.5བཀོད་སྒྲིག་བྱས་ནས་ནགས་ལས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་ཐོག ནགས་ཚལ་དང་རྩྭ་ཐང་གི་སྤུས་འབོར་ལེགས་སུ་གཏོང་རྒྱུ་དང་། རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་འབྲས་བུ་སྲ་བརྟན་དུ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་3.6བཀོད་སྒྲིག་བྱས་ནས་གཙོ་གནད་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བཅོས་སྐྱོང་གི་འདུ་འགོད་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་ནས་རང་བྱུང་གནོད་འཚེ་འགོག་བཅོས་མ་ལག་འཛུགས་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་0.8བཀོད་སྒྲིག་བྱས་ནས་རེས་སྐོར་གསར་པའི་གཏེར་འཚོལ་འགག་སྒྲོལ་འཐབ་ཇུས་ཀྱི་བྱ་སྤྱོད་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་30བཀོད་སྒྲིག་བྱས་ནས་ལྷོ་རི་བྱང་རི་སྔོ་སྒྱུར་ལས་གྲྭར་རྒྱབ་སྐྱོར་བྱ་རྒྱུ། སྐྱེ་ཁམས་ལས་གནས་ཀྱི་མ་དངུལ་སྒོར་དུང་ཕྱུར་15བཀོད་སྒྲིག་བྱ་རྒྱུ། ལྗང་མདོག་འཕེལ་རྒྱས་གཏོང་ཐབས་གང་མགྱོགས་འཛུགས་རྒྱུ། ལྗང་མདོག་ཐོན་རྫས་ཉོ་སྒྲུབ་ཀྱི་ཚད་གཞི་འཐུས་ཚང་བཟོ་བ་དང་། ཉོ་སྒྲུབ་ཀྱི་ཁྱབ་ཁོངས་དང་གཞི་ཁྱོན་རྒྱ་སྐྱེད་གཏོང་བ། ལྗང་མདོག་ཐོན་རྫས་མཁོ་སྤྲོད་དང་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བར་ཁྲིད་སྟོན་བྱ་རྒྱུ། ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་སྲིད་གཞུང་གི་གཞུང་འཁོར་ཉོ་སྒྲུབ་ནང་བཟུང་བའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ། མ་དངུལ་སྒོར་ཁྲི་1400བཀོད་སྒྲིག་བྱས་ནས་ནགས་བཟོ་གསར་པའི་ཐཱན་འདུས་ཐོན་ཁུངས་གསར་སྤེལ་གྱི་གདིང་ཤུགས་ལ་བརྟག་དཔྱད་དང་རྩྭ་ཐང་གི་ཕྱུགས་ཟོག་ཤོང་ཚད་ཞིབ་བཤེར་གཏན་འཁེལ་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ།

    བརྒྱད་ནི་མཐའ་མཚམས་ས་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། མཐའ་མཚམས་ས་ཁུལ་གྱི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱ་རྒྱུ་དང་། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། མཐའ་མཚམས་ཡུལ་མིའི་ཁ་གསབ་རོགས་དངུལ་གྱི་སྲིད་ཇུས་སྐབས་བསྟུན་ལེགས་སྒྲིག་དང་འཐུས་ཚང་བཟོས་ནས། མཐའ་མཚམས་འཐབ་ས་དང་པོའི་གྲོང་ཚོ་དང་མཐའ་མཚམས་གྲོང་ཚོའི་ཡུལ་མིའི་ཁ་གསབ་རོགས་དངུལ་ལོ་རེར་མི་རེར་ཆ་སྙོམས་སོ་སོར་སྒོར་15000དང་སྒོར་8000བར་མཐོ་རུ་གཏོང་རྒྱུ།

    དེ་མིན། དིང་རི་རྫོང་གི“1·07”ཡོམ་འགོག་གེགས་སེལ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། གཙོ་གནད་ས་ཁུལ་གྱི་ཁང་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཡོམ་འགོག་ནུས་པ་དང་ས་ཡོམ་གྱི་གནོད་འཚེར་ཁ་གཏད་གཅོག་པའི་ནུས་པ་སོགས་སྔར་བས་ཆེ་རུ་གཏོང་རྒྱུ། ལག་བསྟར་བྱེད་རིང་ཡོམ་འགོག་གེགས་སེལ་གྱི་ལས་ཀའི་དགོས་མཁོ་དང་། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད། ཀྲུང་དབྱང་ནས་སྤོ་སྒྱུར་གཤམ་སྤྲོད་བྱས་པ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་ལོ་ཧྲིལ་པོའི་མ་དངུལ་གྱི་གཞི་ཁྱོན་ལུགས་མཐུན་གཏན་འཁེལ་བྱ་རྒྱུ་མ་ཟད། དུས་ཐོག་ཏུ་ཁག་བགོས་གཤམ་སྤྲོད་བྱ་རྒྱུ།

    གསལ་བཤད་ཞུ་དགོས་པའི་དོན་གནད། གཅིག་ནི་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ས་གནས་ཀྱིས་ལོ་འགོའི་སྔོན་རྩིས་བཟོ་སྐབས་ཀྲུང་དབྱང་ནས་སྒྱུར་སྤྲོད་བྱས་པ་དེ་སྔ་སྣུར་དུ་གཤམ་སྤྲོད་བྱས་པའི་གྲངས་འབོར་ལྟར་ངེས་པར་དུ་རྩིས་འཇུག་བྱེད་དགོས། རང་ལྗོངས་ཀྱི་ནོར་སྲིད་གཏོང་ཡོང་ཐད་ཀྲུང་དབྱང་གི་ཁ་གསབ་ལ་ཤུགས་ཆེན་བརྟེན་དགོས་པ་དང་། ཀྲུང་དབྱང་ནས་སྒྱུར་སྤྲོད་བྱས་པ་འབོར་ཆེན་ཞིག་ལག་བསྟར་བྱེད་རིང་འཕར་གསབ་གཤམ་སྤྲོད་བྱས་པའི་རྐྱེན་གྱིས་གོང་གསལ་སྔོན་རྩིས་བཞིའི་བསྡོམས་འབོར་དང་གཙོ་གནད་གཏོང་སྒོ་ཁག་ཅིག་ལ་བསྟར་བྱེད་རིང་འཕར་སྣོན་ཆེ་ཙམ་ཡོང་སྲིད་པས། ལོ་འགོའི་སྔོན་རྩིས་ཀྱི་གྲངས་གཞི་ཁག་ཅིག་དང་ལོ་གོང་མ་ཧྲིལ་པོའི་ལག་བསྟར་གྲངས་གཞི་དབར་ཧེ་བག་ཆེ་ཙམ་འགྲོ་རྒྱུ་རེད། གཉིས་ནི་སྔོན་རྩིས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། སྔོན་རྩིས་ལོ་འཁོར་འགོ་ཚུགས་རྗེས། རིམ་ཁག་སྔོན་རྩིས་འཆར་ཟིན་ལ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆོག་མཆན་མ་ཐོབ་གོང་ལོ་འཁོར་གོང་མའི་འཕྲོས་སྒྱུར་གཏོང་སྒོ་དང་། དེ་བཞིན་ངེས་པར་དུ་གཏོང་སྤྲོད་བྱེད་དགོས་པའི་ལོ་འཁོར་དེ་གའི་སྡེ་ཚན་གྱི་གཞི་རྩའི་གཏོང་སྒོ་དང་རྣམ་གྲངས་ཀྱི་གཏོང་སྒོ་སོགས་བཀོད་སྒྲིག་བྱས་ཆོག་པས་རིམ་ཁག་ནོར་སྲིད་ཀྱིས་དེ་མཚུངས་བཀོད་སྒྲིག་བྱས་ཟིན་ཡོད།

    གོང་གསལ་2025ལོའི་ལྗོངས་རིམ་པ་དེ་གའི་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་ཆོག་མཆན་གནང་རོགས་ཞུ་རྒྱུ་དང་། གསང་འབྲེལ་ཚན་པ་ཕུད། ལྗོངས་རིམ་པ་དེ་གའི་2025ལོའི་སྡེ་ཚན་གྱི་སྔོན་རྩིས་འཆར་ཟིན་ཚང་མ་ཚོགས་ཆེན་ལ་ཕུལ་ཟིན་པས་ཞིབ་བཤེར་གནང་རོགས། ལྗོངས་ཡོངས་ཀྱི་2025ལོའི་སྔོན་རྩིས་འཆར་ཟིན་ནི་2024ལོའི་ལྗོངས་ཡོངས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་གཏོང་ཡོང་སྲིད་ཇུས་གཞིར་བཟུང་། ཚབ་བཟོ་བྱས་པའི་སྔོན་རྩིས་ཡིན་ཞིང་། རིམ་ཁག་སྔོན་རྩིས་བཟོ་འགོད་ལེགས་གྲུབ་ཟིན་པ་དང་འབྲེལ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆོག་མཆན་ཐོབ་རྗེས་ཕྱོགས་སྒྲིག་བྱས་ནས་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྙན་ཐོ་འབུལ་རྒྱུ་ཡིན།

    བཞི། 2025ལོའི་ནོར་སྲིད་དོ་དམ་དང་སྒྱུར་བཅོས་ཀྱི་གཙོ་གནད་ལས་དོན།

    (གཅིག) སྔོན་རྩིས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    “2+1”གི་ནོར་སྲིད་ཕྱོགས་བསྡུས་དོ་དམ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་གཞི་གྲངས་མེད་པའི་སྔོན་རྩིས་སྒྱུར་བཅོས་གཏིང་ཟབ་བྱས་ནས། གཏོང་སྒོ་མཁྲེགས་འགྱུར་བྱེད་སྟངས་མེད་པ་བཟོ་རྒྱུ། གཏོང་སྒོའི་ཚད་གཞིའི་མ་ལག་འཛུགས་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། གཏོང་སྒོའི་ཚད་གཞིར་གཅུན་སྡོམ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། གཅིག་གྱུར་གྱི་སྔོན་རྩིས་བགོ་བཤའི་དབང་ཆར་སྐུལ་འདེད་གཏོང་བ་དང་། སྔོན་རྩིས་དོ་དམ་གྱི་གཅིག་གྱུར་རང་བཞིན་དང་ཚད་ལྡན་རང་བཞིན་ཆེ་རུ་གཏོང་རྒྱུ། སྔོན་རྩིས་བཟོ་འགོད་ཞིབ་ཕྲ་བྱས་ནས་ལོ་འགོའི་སྔོན་རྩིས་དམིགས་སར་འབྱོར་ཚད་མཐོ་རུ་གཏོང་རྒྱུ། ནོར་སྲིད་ཀྱི་ཐེག་ནུས་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་འཚོའི་སྲིད་ཇུས་ཀྱི་སྙན་དཔོད་ལམ་ལུགས་དོན་འཁྱོལ་བྱས་ཏེ། ཁས་ལེན་དང་འགན་སྲུང་བྱེད་ཐལ་ཤོར་རིགས་མི་ཐོན་པ་བྱ་རྒྱུ། སྔོན་རྩིས་དོ་དམ་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ནོར་སྲིད་གྲངས་འཛིན་ཅན་དང་འགན་ནུས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་བཏང་ནས་གྲངས་གཞིས་ནུས་པ་སྦྱིན་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

    (གཉིས) ནོར་སྲིད་ཀྱི་སྒྱུར་སྤྲོད་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    སྒྱུར་སྤྲོད་གྲུབ་ཆ་ལེགས་སྒྱུར་དང་། ཆེད་དམིགས་སྒྱུར་སྤྲོད་གཙང་བཤེར་དང་ཚད་ལྡན་དུ་བཏང་ཐོག སྤྱིར་བཏང་རང་བཞིན་གྱི་སྒྱུར་སྤྲོད་བྱེད་མང་དུ་བཏང་ནས་གྲོང་ཁྱེར་དང་རྫོང་གི་འབྱོར་སྟོབས་དང་དོན་དག་གཅོད་དབང་སྙོམས་མཚུངས་ཡོང་ཚད་ཆེ་རུ་གཏོང་རྒྱུ། སྒྱུར་སྤྲོད་རྣམ་གྲངས་བཀོད་སྒྲིག་བྱེད་ལེགས་སུ་གཏོང་བ་དང་། གཅིག་མཚུངས་ཀྱི་འཐབ་ཇུས་དང་། ཁྱབ་ཁོངས། ལས་རིགས་བཅས་ཀྱི་སྒྱུར་སྤྲོད་རྣམ་གྲངས་གཙང་བཤེར་དང་ཚད་ལྡན་བཟོ་བར་རྒྱབ་སྐྱོར་བྱེད་པ། སྒྱུར་སྤྲོད་ལ་དུས་བཀག་ཐོག་དཔྱད་དཔོག་དང་། སྐབས་བསྟུན་ལེགས་སྒྲིག ཕྱིར་འཐེན་བཅས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྒྱུར་སྤྲོད་དོ་དམ་བྱེད་པའི་ཚད་ལྡན་རང་བཞིན་ དང་། ཚན་རིག་དང་མཐུན་པའི་རང་བཞིན། ལུགས་མཐུན་རང་བཞིན་བཅས་ཆེ་རུ་གཏོང་རྒྱུ། སྒྱུར་སྤྲོད་མ་དངུལ་བགོ་བཤའ་རྒྱག་སྟངས་ལེགས་བཅོས་བྱས་ནས་གཏོང་སྒོའི་མ་གནས་ཀྱི་ཧེ་བག་དང་ནོར་སྲིད་ཀྱི་དཀའ་ངལ་ཆེ་ཆུང་ཇི་ཡིན་ཚོད་སྐོར་བྱ་ཐབས་སོགས་ཞིབ་འཇུག་བྱས་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྱུར་སྤྲོད་ཀྱི་སྐུལ་ལྕག་གཅུན་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དང་རྫོང་གི་ཧུར་སེམས་ལ་སྔར་བས་སྐུལ་སློང་གང་ལེགས་བྱ་རྒྱུ།

    (གསུམ) ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ།

    ས་གནས་སྲིད་གཞུང་གི་ཁྲིམས་བཀོད་བུ་ལོན་ལ་དོ་དམ་བྱ་རྒྱུ་འཐུས་སྒོ་ཚང་དུ་བཏང་ནས། ཆེད་དམིགས་བུན་ལོར“གཡར་བ་དང་། སྤྱོད་པ། དོ་དམ། ཕྱིར་སྤྲོད”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆེད་དམིགས་བུན་ལོར་གྱི་མ་དངུལ་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་རྒྱུ། འཕེལ་རྒྱས་ཁྲོད་བུན་སེལ་དང་བུན་སེལ་ཁྲོད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་རྒྱབ་སྐྱོར་སྲིད་ཇུས་ཆ་ཚང་ཞིང་གང་ལེགས་ལག་བསྟར་བྱས་ཐོག བུན་སེལ་གྱི་ཇུས་གཞི་སྦབ་ཆ་གཅིག་དོན་འཁྱོལ་བྱ་རྒྱུ། སྲིད་གཞུང་གི་གཏོང་སྒོའི་དོན་གནད་དང་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཀྱི་སྔོན་རྩིས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡོངས་འདུས་ཀྱི་སྲིད་གཞུང་བུ་ལོན་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་མངོན་མེད་བུ་ལོན་གསར་འཕར་མི་འགྲོ་བ་བྱ་རྒྱུ་དེ“དམ་ནན་གྱི་སྒྲིག་ཁྲིམས”སུ་བརྩིས་ནས་རྒྱུན་མཐུད་ངང་ལྟ་སྡོམ་ནན་པོ་བྱ་རྒྱུ་དང་། བུ་ལོན་བཟོས་པའི་ཚེ་གང་འགན་འདེད་ལམ་ལུགས་དང་བུ་ལོན་གྱི་གནད་དོན་ལྡོག་བཤེར་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ཏེ་མངོན་མེད་བུ་ལོན་གསར་འཕར་གཏན་ནས་མི་འགྲོ་བ་བྱ་རྒྱུ། མ་དངུལ་བསྡུ་སྒྲིལ་ལས་སྟེགས་ཀྱི་གྲངས་འབོར་སྔར་བས་ཉུང་དུ་བཏང་ནས་མ་དངུལ་བསྡུ་སྒྲིལ་གྱི་ལས་སྟེགས་ཀུང་སི་སྒྱུར་བཅོས་ཕྱོགས་སྒྱུར་བྱེད་པར་རིགས་དབྱེ་ནས་སྐུལ་འདེད་གཏོང་རྒྱུ།

    (བཞི) སྔོན་རྩིས་ཀྱི་ལས་རྗེས་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ།

    ཏང་སྲིད་ལས་ཁུངས་ཀྱིས་འཚོ་བ་བསྲི་ཚགས་མཐའ་འཁྱོངས་བྱ་རྒྱུའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། གཏོང་སྒོའི་འགག་སྒོ་དམ་བཟུང་དང་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱ་རྒྱུ། གལ་ཆེའི་སྲིད་ཇུས་དང་རྣམ་གྲངས་ཀྱི་ལས་རྗེས་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རྗེས་དམིགས་ཚད་གཏན་འཁེལ་དང་དེར་ཞིབ་དཔྱད་ནན་པོ་བྱས་ཏེ། ལས་རྗེས་ལྟ་སྡོམ་གྱི་ཡོ་བསྲང་བྱེད་ནུས་འདོན་སྤེལ་བྱེད་པ་དང་། སྤུས་ཚད་མཐོ་པོས་ལས་རྗེས་ལ་གདེང་འཇོག་བྱེད་དགོས་པ་མ་ཟད། གདེང་འཇོག་བྱས་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྔོན་རྩིས་དོ་དམ་གྱི་ཆུ་ཚད་དང་སྲིད་ཇུས་ལག་བསྟར་བྱེད་པའི་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། “མ་དངུལ་བཏང་རིགས་ལ་ཕན་འབྲས་ངེས་པར་རྩད། ཕན་འབྲས་མེད་རིགས་ལ་འགན་འཁྲི་ངེས་པར་རྩད་པའི”ལམ་སྲོལ་དང་བྱ་ཐབས་བཟོས་ཏེ། ནོར་སྲིད་སྲིད་ཇུས་ལ་ཚོད་སྐོར་དང་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། “ཕན་འབྲས་མེད་རིགས་ལ་འགན་འཁྲི་ངེས་པར་རྩད་པའི”དཔེ་མཚོན་དངོས་འབྲེལ་འདོན་རྒྱུ།

    (ལྔ) གཞི་རིམ་གྱི“འགན་སྲུང་གསུམ”གྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བྱ་རྒྱུ།

    “འགན་སྲུང་གསུམ”གྱི་འགན་སྲུང་འགན་འཁྲི་ནན་དུ་བཏང་ནས། འབྱོར་སྟོབས་གཤམ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་དབྱེའི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རང་འགན་གཙང་སྒྲུབ་བྱེད་པ་དང་སྦྲགས་ནུས་ཤུགས་མཉམ་འདོན་གྱིས“འགན་སྲུང་གསུམ”འགན་ལེན་བྱེད་པའི་མཉམ་ཤུགས་ཆགས་པར་བྱ་རྒྱུ། “འགན་སྲུང་གསུམ”གྱི་ཁྱབ་ཁོངས་ཚད་གཞི་ལུགས་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱ་རྒྱུ། “འགན་སྲུང་གསུམ”གྱི་སྔོན་རྩིས་ཀྱི་བཙན་ཐབས་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “འགན་སྲུང་གསུམ”གྱི་གཏོང་སྒོ་གྲངས་ཚང་བཀོད་སྒྲིག་བྱེད་པ། མཛོད་དངུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྔོན་རྩིས་མེད་པ་དང་སྔོན་རྩིས་ལས་བརྒལ་བའི་མ་དངུལ་གཏོང་སྤྲོད་བྱེད་རིགས་བཀག་འགོག་ནན་པོ་བྱ་རྒྱུ། “འགན་སྲུང་གསུམ”གྱི་ཉེན་ཁ་འགོག་སེལ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ནོར་སྲིད་འཁོར་སྐྱོད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། དུས་ཐོག་ཏུ་དྲན་སྐུལ་དང་སྒྲུབ་སྐུལ་བྱ་རྒྱུ།

    (དྲུག) ནོར་དོན་རྩིས་གཉེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    ནོར་སྲིད་ཀྱི་རྨང་གཞིའི་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། སྔོན་རྩིས་ལག་བསྟར་ཐད་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་བྱེད་པར་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་མ་དངུལ་བདེ་འཇགས་ཡོང་བའི་འགན་ལེན་བྱ་རྒྱུ། ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་ནུས་པ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་སྡེ་ཚན་ཁག་གིས་གཙོ་འགན་འཁུར་ནས་ལྟ་སྐུལ་བྱེད་པའི་ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་མ་ལག་ཚགས་ཚུད་དུ་གཏོང་བ་དང་། ནོར་དོན་རྩིས་གཉེར་ལ་ལྟ་སྐུལ་བྱ་རྒྱུ་དེ་རིགས་འདྲ་མིན་གྱི་ལྟ་སྐུལ་གཞན་དག་དང་འབྲེལ་མཐུད་མཐུན་སྦྱོར་བྱེད་པའི་ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་རྒྱུ། ནོར་སྲིད་དང་། ནོར་དོན། རྩིས་གཉེར། སྲིད་གཞུང་གི་ཉོ་སྒྲུབ་བཅས་ཀྱི་ཁྱབ་ཁོངས་ཀྱི་འགལ་བ་གཙོ་བོ་དང་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། ནོར་དོན་རྩིས་གཉེར་ལྟ་སྐུལ་གྱི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཐོག ཁྲིམས་འགལ་སྒྲིག་འགལ་གྱིས་བུ་ལོན་གཡར་བ་དང་། སྒྲིག་འགལ་གྱིས་བ་གམ་དང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་བཅས་གསར་སྐྲུན་བྱེད་པ། ནོར་སྲིད་ཡོང་འབབ་ཟོལ་བསྡུ་སྟོང་སྒྱུར་དང་སྒྲིག་འགལ་གྱིས་ཕྱིར་སློག་བྱེད་པ་སོགས་ཀྱི་བྱེད་སྤྱོད་རྩད་ཞིབ་ཐག་གཅོད་ནན་པོ་བྱ་རྒྱུ་དང་། གནད་དོན་གྱི་ཁུངས་སྣེ་སྤོ་སྐྱེལ་དང་དཔེ་མཚོན་གྱོད་དོན་བརྡ་ཁྱབ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ། ནོར་དོན་རྫུན་བཟོ་བྱེད་རིགས་ལ་རྡུང་རྡེག་ཚ་ནན་བཏང་ནས་ཡིད་རྟོན་གཉེར་སྐྱོང་དང་ཁྲིམས་བརྩི་ཡིད་རྟོན་རུང་བའི་ཁྲོམ་རའི་ཁོར་ཡུག་ཅིག་གཏོད་རྒྱུ།

    (བདུན) རང་འགུལ་ངང་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བྱ་རྒྱུ།

    མི་དམངས་འཐུས་ཚོགས་ཀྱིས་བཅའ་ཁྲིམས་གཞིར་བཟུང་ལྟ་སྐུལ་བྱེད་པ་རང་འགུལ་ངང་དང་ལེན་ཞུས་ཏེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་གང་ལེགས་ཉན་ཐོག མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སེམས་ཁུར་དང་དོ་ཁུར་བྱས་པར་དུས་ཐོག་ཏུ་བརྡ་ལན་སློག་རྒྱུ། སྲིད་གཞུང་གི་སྔོན་རྩིས་ཡོངས་འདུས་ཞིབ་བཤེར་དང་བརྒྱུད་རིམ་ཧྲིལ་པོའི་ལྟ་སྡོམ། སྔོན་རྩིས་ཀྱི་ཐོག་མའི་ཞིབ་བཤེར། སྔོན་རྩིས་ལག་བསྟར་ལ་ལྟ་སྐུལ། སྔོན་རྩིས་ཀྱི་ཕན་འབྲས་ལ་ཞིབ་བཤེར་ལྟ་སྐུལ། ས་གནས་སྲིད་གཞུང་གི་བུ་ལོན་ལ་ལྟ་སྐུལ་སོགས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱ་རྒྱུ། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་སྔོན་རྩིས་གྲོས་ཆོད་དང་ཞིབ་བཤེར་བསམ་འཆར་ལ་ཞིབ་འཇུག་ནན་ཏན་བྱས་ནས་དོན་འཁྱོལ་བྱ་རྒྱུ། དམིགས་ས་ཡོད་པའི་སྒོ་ནས་ནོར་སྲིད་སྔོན་རྩིས་ལས་དོན་ལེགས་བཅོས་དང་དེར་ཤུགས་སྣོན་རྒྱག་རྒྱུ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་གཞི་དང་གྲོས་འགོ་སྤུས་ཚད་མཐོ་པོས་གཉེར་སྒྲུབ་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱུན་ལྡན་འབྲེལ་གཏུགས་དང་སྤེལ་རེས་བྱེད་ཟབ་ཏུ་བཏང་སྟེ། འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་འགོ་རྣམས་སྲིད་གཞུང་གི་སྔོན་རྩིས་བཟོ་འགོད་དང་། ནོར་སྲིད་སྒྱུར་བཅོས་ལ་སྐུལ་འདེད། ནོར་སྲིད་ཀྱི་སྲིད་ཇུས་གཏན་འབེབས་བཅས་བྱེད་པའི་ནང་གང་ལེགས་མངོན་པར་བྱ་རྒྱུ། རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་དག་ཐེར་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་དག་ཐེར་བྱེད་པའི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུ་དང་། བཅོས་སྒྲིག་བྱས་འབྲས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྙན་སེང་ཞུ་བ་དང་སྦྲགས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་བཅས་རེད།

    འཐུས་མི་རྣམ་པ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཐོག ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ནོར་སྲིད་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    (རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།