ཝང་ཅུན་ཀྲེང་གིས་དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་གྱི་སྙན་སེང་གསན་སྐབས་ནན་བཤད་གནང་དོན།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་ཚན་རིག་དང་མཐུན་པའི་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བའི་འགན་ལེན་བྱེད་དགོས།
ཡན་ཅིན་ཧའེ་དང་ཀརྨ་ཚེ་བརྟན་ཞུགས་པ།
ཚེས་12ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་གྱི་སྙན་སེང་གསན་སྐབས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་ཚན་རིག་དང་མཐུན་པའི་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། རེན་ཝེ། ཟླ་བ་ཚེ་རིང་། ལང་ཧྥུའུ་ཁོན། ཀྲང་ལི། པད་མ་དབང་འདུས་བཅས་ཚོགས་འདུར་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བརྒྱུད་རིམ་ལྡན་པའི་བསམ་གཞིག་རྒྱུན་འཁྱོངས་བྱས་ཏེ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་ཚན་རིག་དང་མཐུན་པའི་ཇུས་འགོད་དང་དེར་སྐུལ་འདེད་གཏོང་དགོས། སླར་གསོ་བསྐྱར་སྐྲུན་དང་ཐོན་སྐྱེད་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་བརྒྱུད་རིམ་དེ་གེགས་ཁུལ་གྱི་གྲུབ་ཆ་ལེགས་སྒྲིག་དང་། འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་གཏོང་། འཕེལ་རྒྱས་ཀྱི་ནུས་པ་ཆེར་གཏོང་བཅས་ཀྱི་བརྒྱུད་རིམ་དུ་འགྱུར་བར་བྱེད་དགོས། སླར་གསོ་བསྐྱར་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་གཅིག་ཤེས་ཀུན་གྲོལ་མཐའ་འཁྱོངས་དང་གནད་དོན་གྱི་ཕྱོགས་སྟོན་ལ་ཤུགས་སྣོན་བརྒྱབ་ནས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཡག་པོ་བྱེད་དགོས། སླར་གསོ་བསྐྱར་སྐྲུན་དང་མཐའ་མཚམས་བརྟན་ལྷིང་དང་སྲ་བརྟན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་མཐའ་དར་དམངས་ཕྱུག་གི་ལས་དོན་རྒྱུན་སྲིང་ལྷོད་མེད་ངང་ཡག་པོ་བསྒྲུབས་ནས་མེས་རྒྱལ་གྱི་མཐའ་མཚམས་དེ་བས་བརྟན་པོ་དང་དེ་བས་དར་རྒྱས་ཡོང་བའི་འགན་ལེན་བྱེད་དགོས། མྱུར་ཚད་མགྱོགས་སུ་གཏོང་བ་དང་སྤུས་ཚད་ལ་མཐོང་ཆེན་བྱེད་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་བདེ་འཇགས་ཨང་དང་པོར་འཇོག་པ་དང་། བཀོད་སྒྲིག་ལུགས་མཐུན་བྱེད་པ། ཚན་རིག་དང་མཐུན་པའི་ངང་ས་ཆ་འདེམས་པ་བཅས་རྩ་དོན་དུ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་དང་རྨང་གཞིའི་སྒྲིག་བཀོད་སོགས་གོ་རིམ་ལྡན་པའི་ངང་བསྐྲུན་ནས་སྤུས་ཚད་དང་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་མི་དམངས་ལ་འགན་འཁུར་བ་དང་ལོ་རྒྱུས་ལ་འགན་འཁུར་བའི་མཐོ་ཚད་ཐོག་ནས་ནུས་ཤུགས་ཡོད་རྒུས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་ཀྱིས་སྲིད་ཇུས་རྒྱུས་ལོན་མཐར་ཕྱིན་དང་། ཁ་ཕྱོགས་ཡང་དག་འཛིན་པ། མཉམ་ཤུགས་ཆགས་པ་བཅས་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་དགོངས་དོན་གཞིར་བཟུང་། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་ཀའི་ཇུས་གཞི་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་འདོན་པ་དང་། རྒྱལ་ཁབ་ཀྱི་པུའུ་ཨུད་དང་འབྲེལ་གཏུག་དང་སྙན་སེང་ཡག་པོ་ཞུ་ཐུབ་པ་བྱེད་དགོས། ཚན་རིག་དང་མཐུན་པའི་ལག་བསྟར་མཐའ་འཁྱོངས་ཀྱིས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤུས་ལེགས་ལས་གྲྭ་དང་། སྤྱོད་གཙང་ལས་གྲྭ བློ་བདེའི་ལས་གྲྭ བདེ་འཇགས་ལས་གྲྭ་བཅས་བསྐྲུན་དགོས། མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་དང་། དམངས་འཚོའི་ཞབས་ཞུ་འགན་སྲུང་ལས་དོན་ལ་ཤུགས་སྣོན། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་རྩལ་ནུས་གསོ་སྦྱོང་བཅས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལས་ཞུགས་ཐུབ་པ་དང་གང་མགྱོགས་འབབ་འཕར་ཡོང་བའི་འགན་ལེན་བྱེད་དགོས། འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགལ་བ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་བྱེད་པའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་འདོན་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་དེའི་ནང་རྒྱ་ཁྱབ་ངང་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་མུ་མཐུད་གཏོད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས་སེམས་ཤུགས་གཅིག་སྒྲིལ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། ཆེས་མཐོའི་འགན་འཁྲི་འཁུར་སེམས་དང་ནན་ཏན་ཞིབ་ཚགས་ཀྱི་རྣམ་འགྱུར་ཐོག་ནས་གཙོ་གནད་ལས་དོན་ཚང་མ་ཏན་ཏིག་བསྒྲུབ་དགོས། གཞིས་རྩེ་གྲོང་ཁྱེར་གྱིས་ཚད་མཐོའི་མཐོང་ཆེན་དང་། སྒྲིག་འཛུགས་ཞིབ་ཚགས། ཚན་རིག་དང་མཐུན་པའི་སྒོ་ནས་ལག་བསྟར་བཅས་བྱས་ཏེ་སྤུས་འབོར་འགན་ལེན་གྱིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་དུས་ཐོག་ཏུ་ལེགས་སྒྲུབ་བྱེད་དགོས། གེགས་ཁུལ་གྱི་མང་ཚོགས་ཀྱིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་སྟེ། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་དང་བདེ་སྐྱིད་ཀྱི་འཚོ་བ་གཏོད་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་བྱེད་དགོས། འབྲེལ་ཡོད་ཚན་པ་ཁག་དང་ལས་རིགས་སྡེ་ཚན་ཁག་གིས་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་འཐབ་ས་དང་པོར་ཟབ་འཇུག་དང་། འཁྲི་འགན་རང་འཁུར། མདུན་ཕྱོགས་སུ་བཀོད་འདོམས་བཅས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་མདུན་ཕྱོགས་སུ་གདོང་མཆོང་དང་འགན་འཁྲི་འཁུར་བ་དང་ལས་དོན་བསྒྲུབས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱས་ཏེ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་རྒྱུར་འབད་འབུངས་བྱེད་དགོས་པའི་ནན་བཤད་གནང་བ་རེད།