རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།
ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། ཀརྨ་ཚེ་བརྟན་གྱིས་གནས་ཚུལ་བརྡ་ཁྱབ་བཏང་བ། ལིའུ་ཅང་གིས་ཕྱོགས་སྡོམ་གནང་བ།
ཟླ་2ཚེས་10ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།
ཟླ་2ཚེས་10ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཞུགས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།
● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
ཚེས་10ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་ལྷ་སར་འཚོཌ་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀརྨ་ཚེ་བརྟན་གྱིས་2024ལོའི་ལོ་འཁོར་གྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱས་ཚུལ་བརྡ་ཁྱབ་བཏང་བ། ལིའུ་ཅང་གིས་ཕྱོགས་སྡོམ་གནང་བ་རེད། ཤའོ་ཡིའུ་ཚའེ་དང་། ཟླ་བ་ཚེ་རིང་། ཝང་ཅུན། ཚེ་རིང་ཕུན་ཚོགས། པད་མ་དབང་འདུས་བཅས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། དུས་ཡུན་རིང་པོའི“ཞིང་གསུམ”ལས་དོན་གྱི་ལག་ལེན་ལས་ང་ཚོས་བོད་ཀྱི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་ཕྱིན་ཡོད། ངེས་པར་དུ་ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ངེས་པར་དུ་གྲོང་གསེབ་དར་རྒྱས་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ“དོན་ཆེན་བཞི”དོན་འཁྱོལ་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས། ངེས་པར་དུ་འབྲུ་རིགས་བདེ་འཇགས་དང་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱ་རྒྱུ་དེ་ཞིང་ལས་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས། ངེས་པར་དུ་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་ཞིང་གསུམ་ལས་དོན་གྱི་ལྟེ་བའི་ལས་འགན་ལ་བརྩི་རྒྱུ་མཐའ་འཁྱོངས། ངེས་པར་དུ་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་དེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གནས་བབ་གལ་ཆེན་ལ་འཇོག་རྒྱུ་མཐའ་འཁྱོངས། ངེས་པར་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ“ཞིང་གསུམ”ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས།
ངེས་པར་དུ་གཞུང་འཁྱོངས་གསར་འབྱེད་དང་སྒྱུར་བཅོས་ཟབ་གཏོང་གིས“ཞིང་གསུམ”འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། “ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་བདུན”ནི་ལག་ལེན་གྱི་ཕྱོགས་སྡོམ་ཞིག་ཡིན་ལ། རྩ་དོན་གྱི་བླང་བྱ་ཞིག་ཀྱང་ཡིན་པས་རང་ལྗོངས་ཀྱི་ལྗོངས་བབ་དང་གྲོང་གསེབ་ཀྱི་གནས་ཚུལ་དང་འཚམ་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་པ་དང་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། 2025ལོའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གཙོ་གནད་ལས་འགན་མངོན་གསལ་དོད་པོ་དང་སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་ལ་མཐོང་ཆེན་བྱས་ནས་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་གྱི་ལེའུ་གསར་རྐྱང་ཞིག་ཧུར་ཐག་རྩོམ་དགོས། རྒྱུན་སྲིང་ལྷོད་མེད་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་སྟེ་གཙོ་གནད་ས་ཁོངས་དང་དབུལ་པོར་འགྱུར་སླ་བའི་གཙོ་གནད་ཚོགས་སྤྱིར་དམིགས་པ་དང་། ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱ་ཆེར་གཏོང་བ། གྲོང་གསེབ་ཀྱི་དབུལ་ལོག་དང་དབུལ་ཕོངས་ལ་འགྱུར་རྒྱུ་སྔོན་འགོག་གི་ལམ་སྲོལ་དང་ཡོང་འབབ་དམའ་བའི་མི་འབོར་གྱི་རིམ་དབྱེ་རིགས་དབྱེའི་རོགས་སྐྱོར་ལམ་སྲོལ་སྤྱི་འདོམས་ངང་འཛུགས་པ་བཅས་བྱས་ཏེ་རོགས་སྐྱོར་རྒྱུ་ནོར་ཕུགས་ཕན་དོ་དམ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཐབས་མང་མཉམ་སྤྱོད་ཀྱིས་འབྲུ་རིགས་ཀྱི་བདེ་འཇགས་འགན་སྲུང་བྱས་ཏེ་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་དང་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་དང་། འབྲུ་རིགས་དང་ལྷག་པར་དུ་ནས་འབྲུ་ཐོན་སྐྱེད་བྱེད་ཤུགས་་ཆེ་རུ་གཏོང་བ། གཞི་ཁྱོན་འོས་འཚམ་ལྡན་པའི་འབྲོག་ལས་གཉེར་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ཟས་རིགས་སྣ་མང་ཅན་གྱི་མཁོ་སྤྲོད་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་འབྲུ་རིགས་དང་ཟས་རིགས་གྲོན་ཆུང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཐབས་ཤེས་ཡོད་རྒུ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་བྱས་ཏེ་ཐོན་ལས་འཁོར་འབྲེལ་ཐད་འཁོར་འབྲེལ་བསྲིངས་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་ཐད་རྩལ་ནུས་ལེགས་སུ་བཏང་ནས་ཐབས་ལམ་ཡངས་སུ་གཏོང་བ། ཁེ་ལས་ཐད་ཞིང་པར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། སྣེ་འདྲེན་ཁེ་ལས་རྒྱུན་མཐུད་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། དམིགས་སའི་རང་བཞིན་ལྡན་པར་ངལ་རྩོལ་གྱི་རྩལ་ནུས་གསོ་སྦྱོང་བཅས་བྱས་ཏེ་ཞིང་པའི་ཡོང་འབབ་རྒྱུན་མཐུད་བརྟན་པོ་འཕར་བ་བྱེད་དགོས། གྲོང་གསེབ་ཀྱི་སྒྱུར་བཅོས་མགྱོགས་ལ་བརྟན་པའི་ངང་ཟབ་ཏུ་གཏོང་བ་དང་གྲོང་གསེབ་ཀྱི་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་དང་མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་སོགས་ལ་ཚན་རིག་དང་མཐུན་པར་སྐུལ་འདེད་བརྟན་པོ་བཏང་སྟེ་གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་གི་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་ལ་གོ་རིམ་ལྡན་པར་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། གནད་ལ་འཁེལ་པོས་ཐབས་ཇུས་ལག་ལེན་བསྟར་ཏེ་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དཔྱད་ཞིབ་གདེང་འཇོག་དང་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཚན་རིག་ལག་རྩལ་ཁྱབ་གདལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ཚན་རྩལ་གྱི་གསར་གཏོད་འདུ་འགོད་ལག་ལེན་བསྟར་བ། ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་ལས་བདེ་འཇགས་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་འགན་སྲུང་བྱེད་དགོས། རྣམ་པ་དང་ཉམས་འགྱུར་གཉིས་ལྡན་སྒོ་ནས་མཐུན་མཛེས་གྲོང་གསེབ་བསྐྲུན་ཏེ“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་དང་། འཆར་འགོད་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། དཔེ་མཚོན་གྱི་དཔེ་སྟོན་སྐུལ་ཁྲིད་རྒྱུན་འཁྱོངས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་མཐོང་ཆེན། ལྗང་མདོག་གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་ལག་ལེན་བསྟར་བ་བཅས་བྱས་ཏེ་གྲོང་གསེབ་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་ཚན་རིག་དང་མཐུན་པར་སྐུལ་འདེད་བཏང་སྟེ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། ས་མཐོའི་མཛེས་མཐུན་གྲོང་གསེབ་སྐྲུན་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་དམ་ཟབ་དང་། སྲིད་ཇུས་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་དང་བདེ་སྡོད་ཁང་པ་སྐྲུན་པ་བཅས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བར་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བརྒྱུད་རིམ་རང་བཞིན་གྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་གྱི་འགན་སྲུང་བརྟན་པོ་རྒྱུན་ཆད་མེད་པར་ཤུགས་ཆེར་གཏོང་དགོས། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་བརྟན་དུ་གཏོང་དགོས། “ཞིང་གསུམ”ཁྱབ་ཁོངས་ཀྱི་སྣ་མང་ཅན་གྱི་གཏོང་ཆའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཟིགས་སྐྱོང་གི་འདེགས་སྐྱོར་སྲིད་ཇུས་ཁག་གང་ལེགས་དང་ཡག་པོ་སྤྱོད་དགོས། “ཞིང་གསུམ”ལས་དོན་གྱི་དཔུང་ཁག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་དང་སྟོབས་ཆེར་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་ཤེས་ལྡན་པའི་འདེགས་སྐྱོར་དང་རིག་སྟོབས་ཀྱི་འགན་སྲུང་སྔར་བས་ཆེ་རུ་གཏོང་དགོས། རྒྱུན་མཐུད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་དངོས་སྒྲུབ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རང་ལྗོངས་ཀྱི་ཞིང་ལས་ཀྱི་རྨང་གཞི་དེ་བས་བརྟན་པ་དང་། གྲོང་གསེབ་འཕེལ་རྒྱས་དེ་བས་དར་ཞིང་རྒྱས་པ། ཞིང་པའི་འཚོ་བ་དེ་བས་སྐྱིད་པ་བཅས་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་བླངས་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།
ཚོགས་འདུའི་ཐོག་2024ལོའི་ལོ་འཁོར་གྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱས་པའི་སྔོན་ཐོན་ས་ཁུལ་དང་གྲོང་ཁྱེར་ལ་གཟེངས་བསྟོད་སྤྲད་པ་རེད།