ལའེ་ཅའོ་ཡིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བརྟག་ཞིབ་གནང་བ།
ཚེས་8ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་ཏེ། “ལྟེ་གནས་ལྔ”འཛུགས་སྐྱོང་དང་། ཤེས་ལྡན་པ་གསོ་སྐྱོང་། གཙོ་གནད་ཚན་ཁག་འཛུགས་སྐྱོང་བཅས་དང་། དེ་བཞིན་སྨན་ཁང་གི་དོ་དམ་དང་སྨན་བཅོས་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་དང་བོད་སྐྱོར་ཤེས་ལྡན་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ནི་ཁ་གཏད་བོད་སྐྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ཤུགས་སྣོན་རྒྱག་པ་ལས་ཉམས་ཞན་དུ་གཏོང་མི་རུང་། 2015ལོ་ཚུན་གྱི་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཉམས་མྱོང་དང་བྱེད་སྟངས་གསེད་བཀྲོལ་དང་ཕྱོགས་བསྡོམས་ནན་ཏན་བྱས་ཏེ། སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པའི་ལམ་སྲོལ་ཟབ་ཏུ་བཏང་ནས་གཙོ་གནད་ཚན་ཁག་འཛུགས་སྐྱོང་དང་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་རྒྱ་ཆེར་གཏོང་བ་དང་གཞི་རིམ་དུ་དོ་སྙོམས་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་ནས། རོགས་སྐྱོར་གྱི་སྤུས་ཚད་ལེགས་སུ་དང་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས། སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་པའི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ།“སྨན་སློབ་གཞོགས་འདེགས”ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས། ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱད་དེ་རིམ་པ་མཐོ་བའི་སྨན་བཅོས་ཤེས་ལྡན་པ་དང་འཕྲལ་མཁོ་ཆེ་བའི་སྨན་བཅོས་ཤེས་ལྡན་པ་ནང་འདྲེན་ཤུགས་ཆེན་བྱེད་པ་དང་རང་བརྟེན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ས་མཐོའི་གསོ་རིག་ཞིབ་འཇུག་ཐད་ཀྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་ཐུན་མོང་མ་ཡིན་པའི་ལེགས་ཆ་སྔོག་འདོན་གང་ལེགས་བཅས་བྱས་ནས། ཆུ་ཚད་མཐོ་བའི་ཚན་ཞིབ་གྲུབ་འབྲས་མང་ཙམ་ཐོན་པར་བྱེད་དགོས། “གྲངས་འཛིན་ཅན”འཛུགས་སྐྱོང་ལ་བརྟེན་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་ནུས་པ་ཐོན་ཐབས་བྱས་ཏེ། མཉམ་སྤྱོད་མཉམ་འགུལ་གྱི་རྒྱང་ཁྲིད་སྨན་བཅོས་མ་ལག་གང་མགྱོགས་འཛུགས་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཤུགས་ཆེན་བཏང་ནས། ནད་བཅོས་སྲོག་སྐྱོབ་དང་། སྨན་བཅོས་དང་སྨན་རྫས་སྐྱེལ་བ་སོགས་ཀྱི་ལས་དོན་ཁྲོད་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་རྒྱག་པ་དང་། མང་ཚོགས་ལ་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་ཇེ་ཆུང་དུ་གཏོང་བ་དང་བདེ་ཐང་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་ལ་བརྩི་མཐོང་བྱེད་དགོས་པའི་ཁྲིད་སྟོན་བྱེད་དགོས།