དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་སྲིད་གཞུང་ཁོངས་གཏོགས་ཀྱི“དཔྱིད་གསར་གྱི་ཚོགས་འདུ་དང་པོ”སྟེ“དཔལ་འབྱོར་བརྩོན་ལེན་དང་འཕེལ་རྒྱས་ལ་དམ་འཛིན”གྱི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-11

    ཚེས་7ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་སྲིད་གཞུང་ཁོངས་གཏོགས་ཀྱི“དཔྱིད་གསར་གྱི་ཚོགས་འདུ་དང་པོ”སྟེ“དཔལ་འབྱོར་བརྩོན་ལེན་དང་འཕེལ་རྒྱས་ལ་དམ་འཛིན”གྱི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་ནས་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་གནང་ཞིང་། ཁོང་གིས། དུས་ཚོད་ཀྱིས་མི་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་ཐོག་ནས། “འགོ་ཚུགས་མ་ཐག་མཐའ་མའི་གདོང་མཆོང་བྱེད་པའི”ཆོད་སེམས་བརྟན་དུ་གཏོང་བ་དང་། དངོས་སྒྲུབ་མྱུར་སྒྲུབ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་དུས་ཚིགས་དང་པོའི་དཔལ་འབྱོར“འགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་པར”བྱས་ཏེ། “ལོ་ཧྲིལ་པོར་གྲུབ་འབྲས་ཡག་པོ་ཐོབ་པར”རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་བསྟན་དོན། འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་རེད།“དཔལ་འབྱོར་ལ་བརྩོན་ལེན་དང་འཕེལ་རྒྱས་ལ་དམ་འཛིན”བྱེད་རྒྱུ་ནི་འགན་འཁྲི་དང་ལས་འགན་རེད། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་དང་། གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ། འབད་འབུངས་ཡར་བརྩོན་མཐའ་གཅིག་ཏུ་བཅས་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཁ་གསལ་བཏོན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། “ངེས་པར་དུ་སྤྱི་འདོམས་བྱེད་དགོས་པ་ལྔ”མཐའ་འཁྱོངས་བྱེད་པ། འཕྲལ་དུ་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པ། རང་གིས་རང་ལ་གནོན་ཤུགས་སྤྲོད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། ས་ཁོངས་གཅིག་ལ་འོད་སྣང་སྦྱིན་དགོས་ལ་ཁྱོན་ཡོངས་ལ་གཟི་བརྗིད་ཀྱང་སྣོན་པ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཡུར་ཟའི་གྲུབ་འབྲས་བཏོད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་། དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་རྒྱུགས་ལན་བློ་ཡིད་ཚིམ་པ་ཞིག་འབུལ་དགོས།

    ཀརྨ་ཚེ་བརྟན་གྱིས་བསྟན་དོན། “དཔལ་འབྱོར་ལ་བརྩོན་ལེན་དང་འཕེལ་རྒྱས་ལ་དམ་འཛིན”བྱེད་པར་དམིགས་ཚད་ལ་གཞིགས་ནས་སྐུལ་འདེད་གཏོང་བ་དང་། གཙོ་གནད་འབུར་དུ་ཐོན་པར་བྱེད་པ། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་གོ་སྐབས་ལ་དམ་འཛིན་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། མ་འཇོག་ནི་རྨང་རྡོ་ལྟ་བུ་ཡིན་པས་རྩ་བ་བརྟན་དུ་གཏོང་བ་དང་སྔོན་ལ་བརྩོན་ལེན་བྱེད་དགོས་ཤིང་། རྣམ་གྲངས་ཀྱི་སྐུལ་སྤེལ་ལ་དམ་འཛིན་ཆེན་པོ་དང་། བཀོད་འདོམས་བཀོད་གཏོང་ལ་དམ་འཛིན་ཆེན་པོ། ཚོང་འགུགས་མ་འདྲེན་ལ་དམ་འཛིན་ཆེན་པོ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་གཞི་བཟོ་འགོད་ལ་དམ་འཛིན་ཆེན་པོ་བཅས་བྱས་ཏེ། ཕུགས་ལ་དམིགས་ནས་བཀོད་སྒྲིག་དང་སྔོན་ཚུད་ནས་ཇུས་འགོད་ཀྱིས་གློག་ཤུགས་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། འཛད་སྤྱོད་ནི་སྒུལ་ཤུགས་ཡིན་པས་གསོན་ཤུགས་འཕེལ་བ་དང་སྔོན་དུ་བརྩོན་ལེན་བྱེད་དགོས་ཤིང་། སྲིད་ཇུས་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་མང་པོར་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་ནུས་སྐྱེད་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱེད་དགོས། ལས་ཞུགས་ནི་དམངས་འཚོ་ཡིན་པས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྔོན་དུ་བརྩོན་ལེན་བྱེད་དགོས་ཤིང་། དུས་བབ་ཇི་ཙམ་ཛ་དྲག་ཆེ་ན་སྲིད་གཞུང་གིས་དེ་ཙམ་གྱིས་འགན་འཁྲི་འཁུར་ཤུགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་དགོས། འབབ་འཕར་ནི་དམིགས་ཡུལ་ཡིན་པས“ཞིང་གསུམ”ལ་འགན་ལེན་དང་སྔོན་དུ་བརྩོན་ལེན་བྱེད་དགོས་ཤིང་། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ཡོང་འབབ་ཀྱི་གྲུབ་ཆ་ལེགས་སུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་བརྟན་པོ་དང་མང་པོ་ཡོང་བར་བྱེད་དགོས། ཚོང་གཉེར་ནི་སྒོ་བྱང་ལྟ་བུ་ཡིན་པས་ཞབས་ཞུ་ལེགས་སུ་གཏོང་བ་དང་སྔོན་དུ་བརྩོན་ལེན་བྱེད་དགོས་ཤིང་། རྒྱལ་ཡོངས་ཀྱི་ཁྲོམ་ར་དང་སྦྲེལ་མཐུད་ཀྱིས་སྒྱུར་བཅོས་ལ་དམ་འཛིན་བྱེད་པ་དང་། གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་གིས་རོགས་སྐྱོར་ངོ་མ་བྱེད་པ། “ལས་ཕྱོད་ཆེན་པོས་བྱ་བ་སྒྲུབ་པ”བཅས་བྱས་ནས་བོད་ཀྱི་ཚོང་གཉེར་ཞབས་ཞུའི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་དགོས།

    ཀརྨ་ཚེ་བརྟན་གྱིས“དཔལ་འབྱོར་ལ་བརྩོན་ལེན་དང་འཕེལ་རྒྱས་ལ་དམ་འཛིན”བྱེད་པར་ངེས་པར་དུ་ལས་དོན་བསྒྲུབ་རྒྱུ་གཙོ་བོར་འཛིན་པ་དང་། དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ། མང་ཚོཌ་ཀྱི་ལམ་ཕྱོགས་ཐོག་ཡག་པོ་སྐྱོད་པ། སྤྱོད་གཙང་ངང་བྱ་བ་སྒྲུབ་ཐུབ་པར་འགན་ལེན་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་དང་གཡུར་ཟའི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།