ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང(རྒྱ་ཆེ)གི་ཚོགས་འདུ་གཙོ་སྐྱོང་གནང་ནས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་བ།
ཚེས་8ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང(རྒྱ་ཆེ)གི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ལེའོ་ཉིང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་། དཔུང་སྡེར་གཟིགས་པ་དང་འཚམས་འདྲི་གནང་བ། 2025ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་དང་། འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལ་ཞིབ་འཇུག་བཅས་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་བརྟེན་ཏེ་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱར་དམིགས་ནས་བསམ་ཕྱོགས་སྔར་བས་ཁ་གསལ་དང་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ་རྒྱུན་སྲིང་ལྷོད་མེད་ངང“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞིར་དམ་འཛིན་གྱིས་དུས་ཚིགས་དང་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཚུགས་བཀྲ་ཤིས་ཡོང་བར་འབད་བརྩོན་བྱེད་དགོས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་ཐབས་མང་མཉམ་སྤྱོད་ཀྱིས་ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་བ་དང་། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བར་དམ་འཛིན་བྱས་ཏེ། ཆུ་དང་གློག་མཁོ་འདོན་དང་དྲ་རྒྱ་འཕྲིན་གཏོང་སོགས་ཀྱི་ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཕྲོད་བསྟེན་རིམས་འགོག་དང་སྨན་བཅོས་ཞབས་ཞུ་སོགས་ཀྱི་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་ནས། གནོད་འཚེ་ཕོག་པའི་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་ཚོར་ཐུབ་པར་བྱེད་དགོས།
རྣམ་གྲངས་གལ་ཆེན་གྱི་དུས་འགོའི་ལས་དོན་སྤེལ་མགྱོགས་སུ་གཏོང་བ་དང་། རྣམ་གྲངས་གལ་ཆེན་གཙང་ལེན་གྱི་སྐུལ་འདེད་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ། རྣམ་གྲངས་ཞིབ་བཤེར་ཆོག་མཆན་དང་དུས་འགོའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་མགྱོགས་མྱུར་འཛུགས་སྐྲུན་དང་མགྱོགས་མྱུར་ཐོན་སྐྱེད་བྱེད་འགོ་ཚུགས་པར་སྐུལ་འདེད་གཏོང་དགོས། “ཞིང་གསུམ”ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་པ་དང་། ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཞིང་ཁ་དང་ཆུ་བེད་སྒྲིག་བཀོད་ཉམས་གསོར་དམ་འཛིན་ཡག་པོ་བྱེད་པ། ཞིང་སྤྱོད་རྒྱུ་ཆ་སྐྱེལ་འདྲེན་གསོག་འཇོག་ལས་དོན་སྔ་སྣུར་དུ་ཡག་པོ་སྒྲུབ་པ། ཞིང་ལས་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་སྤུས་ཚད་ལ་མཐོང་ཆེན་དང་བདེ་འཇགས་ལ་འགན་ལེན་བྱེད་པ་མ་ཟད། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་འཕེལ་རིམ་མགྱོགས་སུ་བཏང་ནས་ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། ཀུན་སྤྱོད་མཁའ་འགྲུལ། རིག་གནས་ཡུལ་སྐོར་སོགས“ཐོན་ལས་ཆེན་པོ་དགུའི”འཕེལ་རྒྱས་ཀྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། མུ་མཐུད་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། སྐུལ་སློང་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། གུང་གསེང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་འཛད་སྤྱོད་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་དང་ཚན་རིག་དང་མཐུན་པའི་སྔོ་འགྱུར་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་པོ་འཛུགས་དགོས།
ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་ན་གཞོན་ལས་བྱེད་པའི་སློབ་གསོ་དོ་དམ་གྱི་ལྟ་སྐུལ་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་ཞིང་། ཝང་ཅུན་ཀྲེང་གིས། སྔར་ལས་ལྷག་པའི་སྒོ་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་བཅས་བྱས་ཏེ་རིམ་ཁག་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་ན་གཞོན་ལས་བྱེད་པའི་སློབ་གསོ་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་དང་ཤེས་ལྡན་པའི་འདེགས་སྐྱོར་བརྟན་པོ་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་ཁ་ཕྱོགས་གསལ་པོ་བཟོས་ནས་ཚན་ཁག་གི་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ་དང་སྤྱི་ཡོངས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ན་གཞོན་ལས་བྱེད་པ་འདེམས་གསོ་དང་གོ་ཆོད་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཕུལ་བྱུང་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲུག་གི་རྒྱུན་རྣམ་ཅན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དོ་དམ་ནན་པོ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ལས་བྱེད་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་དང་ནུས་པ་སྔར་བས་ཆེ་རུ་བཏང་ནས“བརྒྱུད་རོགས་ཁྲིད”གསུམ་གྱི་ནུས་པ་ཡག་པོ་བཏོན་ཏེ། ལས་བྱེད་པའི་བསམ་ཕྱོགས་གསལ་བཟོ་དང་མཐོང་རྒྱ་ཆེ་རུ་གཏོང་བ་དང་། བསམ་བློའི་འདུ་ཤེས་གསར་སྒྱུར། འགན་འཁྲི་སྒྲུབ་ནུས་ཆེར་གཏོང་བཅས་ཡོང་བར་སྐུལ་ཁྲིད་བྱས་ཏེ་གོ་གནས་གང་ཞིག་བཟུང་ན། དེ་ཡི་སྲིད་དོན་བསྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཝང་ཅུན་ཀྲེང་གིས། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་གྱིས་མི་སེམས་གཅིག་སྡུད་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་ཆབ་སྲིད་ཀྱི་ནུས་པ་སྔར་བས་ལེགས་པ་བཏོན་ཏེ། གཙོ་འགན་གཙོ་ལས་ལ་དམིགས་ནས་བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཏན་ཏིག་ཏིག་བཏང་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་2024ལོའི་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་བརྟན་ལྷིང་སྲུང་སྐྱོང་དང་སྤྱི་བདེའི་ལས་དོན་གྱི་གནས་ཚུལ་སྙན་ཞུ་གསན་ཞིང་། ཝང་ཅུན་ཀྲེང་གིས། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་ཕན་འབྲས་བཟང་པོར་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་ནས་དོགས་ཟོན་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་སྟོབས་ཤུགས་དང་འཐབ་འཛིང་ནུས་པ་ཆེ་རུ་བཏང་སྟེ། ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཆུ་ཚད་སྔར་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱེད་པ་དང་། ཁྲིམས་ལྟར་བོད་སྐྱོང་གི་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་འགན་སྲུང་བྱེད་པ། དུག་འགོག་ལས་དོན་མུ་མཐུད་ལེགས་པར་སྒྲུབ་པ་བཅས་བྱས་ནས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་དང་བདེ་ཐང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། སྲིད་ཁྲིམས་ཀྱི་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ནས་ཁྲིམས་སྐྱོང་གི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་སྟེ། བཟའ་བཅའི་བདེ་འཇགས་དང་། ནགས་ཚལ་མེ་ཟོན། མེ་ཟོན་བདེ་འཇགས་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་2024ལོའི་ལྗོངས་ཡོངས་ཀྱི་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། ལོ་ཆུང་གདོང་ལེན་རུ་ཁག བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ལས་དོན་གནས་ཚུལ་སྙན་ཞུ་གསན་ཞིང་། ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་བསྒྱུར་ནས། དུས་བབ་གསར་པའི་འོག་མང་ཚོགས་ཚོགས་པའི་ལས་དོན་ཧུར་ཐག་བསྒྲུབས་ཏེ་འབྲེལ་གཏུག་བྱེད་སའི་མང་ཚོགས་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།