ཀརྨ་ཚེ་བརྟན་གྱིས་མེ་ཟོན་རོགས་སྐྱོབ་དང་ལྗོངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ།
ཚེས་6ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་སར་མེ་ཟོན་རོགས་སྐྱོབ་དང་ལྗོངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་ཞིང་། ཁོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ། རྟག་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲི་ཁུར་སེམས་ལ་བརྟེན་ནས་མེ་ཟོན་མེ་གསོད་ཀྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱེད་པ། ཉེན་ཁ་ཚབས་ཆེན་ནུས་ཤུགས་ཡོད་རྒུས་འགོག་ཟོན་དང་སེལ་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་མཐའ་གཅིག་ཏུ་སྲུང་དགོས་པའི་ནན་བཤད་གནང་བ་རེད།
ཀྲང་ཧུང་པོ་ལྷན་དུ་བརྟག་ཞིབ་ལ་ཕེབས་ཡོད་པ་རེད།
རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་ལྷོ་རིའི་སྤྱི་གླིང་ནགས་ཚལ་མེ་ཟོན་ས་ཚིགས་སུ་ཀརྨ་ཚེ་བརྟན་གྱིས་ཡུལ་དངོས་ཀྱི་རིགས་ཁག་གི་མེ་ཟོན་ཡོ་བྱད་དང་སྒྲིག་ཆས་ལ་གཟིགས་པ་མ་ཟད། ལས་ཀའི་སྙན་སེང་གསན་པ་དང་། བརྙན་ལམ་བརྒྱུད་འཐབ་ས་དང་པོའི་མེ་ཟོན་ལས་སྒྲུབ་གྲ་སྒྲིག་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་དུས་ཡུན་རིང་པོའི་ནང་གྲོང་ཁྱེར་དུ་མེ་སྐྱོན་སྔོན་འགོག་དང་འཕྲལ་སྡོམ་རོགས་སྐྱོབ་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་ཆུ་ཚད་མཐོ་བའི་བདེ་འཇགས་འགན་ལེན་ཐད་ལེགས་སྐྱེས་ཕུལ་བ་དང་། ལྷག་པར་དུ་དིང་རིའི་ཡོམ་འགོག་གེགས་སེལ་ཁྲོད་ནུས་པ་ཡག་པོ་བཏོན་པར་གདེང་འཇོག་གང་ལེགས་གནང་བ་རེད།
རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་བཀོད་འདོམས་ལྟེ་གནས་སུ་ཀརྨ་ཚེ་བརྟན་གྱིས་བརྙན་ལམ་བརྒྱུད་ལྗོངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་ལས་དོན་ལ་བཀོད་གཏོང་གནང་སྟེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་ཀྱི་འཐབ་ས་དང་པོའི་ལས་བྱེད་པ་དང་ལས་སྒྲུབ་བཀོད་འཐབ་པར་འཚམས་འདྲི་ཞུས་ཏེ་ཁོང་ཚོས་བློས་གཏོང་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། དགུན་དཔྱིད་དུས་སུ་གནམ་གཤིས་སྐམ་ཤས་ཆེ་བ་དང་ལྷགས་པ་ཆེན་པོ་ལྡང་བའི་གནམ་གཤིས་བསྟན་མང་སྟབས། རང་ལྗོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་ཀྱི་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པས་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཤིང་། སྔོན་ཚུད་ནས་ཉེན་བརྡ་བཏང་སྟེ་རིམ་དབྱེའི་སྔོན་ཚུད་ཉེན་གཏོང་དང་། གནད་སྨིན་སྔོན་ཚུད་ཉེན་གཏོང་། ཉེན་ཁར་སྔོན་འགོག་བཅས་བྱས་ཏེ་སྔོན་ཚུད་ནས་ཉེན་བརྡ་གཏོང་བའི་ཆ་འཕྲིན་གཞི་རིམ་གྱི་འཐབ་ས་དང་པོར་ཁྱབ་པར་བྱེད་དགོས། མདུན་དུ་བསྐྱོད་ནས་བཀོད་སྒྲིག་བྱེད་པ་དང་། འཕྲལ་སྡོམ་གྲ་སྒྲིག་ལ་ཤུགས་སྣོན། དངོས་འཐབ་ནུས་པ་ཆེ་རུ་གཏོང་བ། མེ་སྐྱོན་གྱི་འབྱུང་རྩར་དོ་དམ་དང་ཚོད་འཛིན་ནན་པོ་བྱེད་པ། སྐོར་གཡེང་དང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ། རི་སྲུང་བ་དང་། མི་ལ་དོ་དམ་བྱེད་པ། མེ་ཟོན་ཡག་པོ་བཅས་བྱས་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་སེལ་དགོས། ནུས་ལྡན་ཐག་གཅོད་བྱས་ཏེ་མེ་སྐྱོན་ཐོན་མ་ཐག་འཕྲལ་དུ་དང་ལེན་བྱེད་པ་དང་། མི་སྣ་མགྱོགས་མྱུར་གནས་སྤོ་བྱེད་པ། བཀོད་འདོམས་ཐག་གཅོད་ཚན་རིག་དང་མཐུན་ལ་འཕྲལ་ཐག་ཆོད་པ། མྱུར་སྐྱོབ་བདེ་འཇགས་དང་ནུས་ཆེ་བཅས་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།
ཀརྨ་ཚེ་བརྟན་གྱིས་ད་དུང་རང་སྐྱོང་ལྗོངས་རྒྱལ་སྲུང་སྐུལ་སློང་གཞུང་ལས་ཁང་དུ་བརྟག་ཞིབ་གནང་བ་རེད།