མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་དང་ཡག་པོ་གཉེར་ནས་ལྗོངས་ཡོངས་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ཝང་ཅུན་ཀྲེང་།
སློབ་གསོ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྨང་གཞི་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སློབ་གསོ་དེ་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་དང་། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་ཀྱིས་སློབ་གསོ་དེང་རབས་ཅན་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ནས། དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ལ་དམིགས་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད་ལ། དུས་རབས་གསར་པར་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་ལ་ལན་གཏིང་ཟབ་བསྐྱོན་པ་དང་། སློབ་གསོའི་བྱ་གཞག་གི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཚད་གཏིང་ཟབ་ཏུ་བཏང་སྟེ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། སློབ་གསོའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ། བསམ་བློ་དང་བྱ་སྤྱོད་སློབ་གསོའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱའི་ཐོག་་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ནས་ཏང་ཆེད་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཆེད་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ། སློབ་གསོའི་ལྗོངས་སྟོབས་ཆེན་འཛུགས་སྐྲུན་ཧུར་ཐག་བཅས་བྱས་ཏེ་རྒྱང་ལམ་གསར་པར་བོད་ཀྱི་སློབ་གསོའི་བྱ་གཞག་གི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།
དང་པོ། བོད་ཀྱི་སློབ་གསོའི་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་པོ་གཏོང་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བའི་རྩ་བ་སློབ་གསོར་བརྟེན་དགོས་པའི་ནན་བཤད་ཟབ་མོ་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཟབ་མོ་གནང་ཞིང་། 2018ལོར་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་དེར་དམ་པོར་དམིགས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་བཏང་ནས་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་ཁ་གསལ་བཏོན་གནང་བ་དང་། 2020ལོར་ཁོང་སྐུ་ངོ་མས་རྒྱལ་སའི་ལྕགས་དང་ངར་ལྕགས་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་སློབ་སྦྱོང་གི་གོ་སྐབས་ལ་གཅེས་འཛིན་བྱས་ཏེ་ཤེས་བྱར་འབད་པ་ཧུར་ལེན་བྱེད་དགོས་པའི་སྐུལ་ལྕག་གནང་བ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་ཐོག་བོད་ཀྱི་སློབ་གསོའི་ལས་དོན་ཐད་བཀོད་སྒྲིག་གལ་ཆེན་གནང་སྟེ་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་ཆེ་བའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་ནང་བོད་ཀྱི་སློབ་གསོའི་བྱ་གཞག་ལ་འཆང་བའི་ཐུགས་རེ་ཟབ་མོ་འདུས་ཡོད་པས། རང་ལྗོངས་ཀྱི་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པར་བྱ་སྤྱོད་ཀྱི་རྩ་འཛིན་དང་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་མཁོ་འདོན་གནང་ཡོད།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་མཐོང་ཆེན་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སློབ་གསོའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས། ལག་བསྟར་དོན་འཁྱོལ་དང་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་འཐབ་ཇུས་ཀྱི་གནས་བབ་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་བཏང་ཡོད། གཅིག་ནས་ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཏང་ལ་མི་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་དམ་པོར་དམིགས་ནས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སློབ་གསོའི་ལས་དོན་གྱི་ཕྱོགས་ཁག་དང་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱེད་པ་དང་། སློབ་གསོའི་ཁྱབ་ཁོངས་དེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་སྲ་ཞིང་བརྟན་པའི་གཡུལ་སར་འགྱུར་བར་བྱེད་པ། སློབ་གསོའི་ཁོངས་གཏོགས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས་སློབ་གྲྭའི་ཏང་རྩ་འཛུགས་ཀྱི་རྨང་གཞི་དེ་བས་བརྟན་དུ་བཏང་ཡོད། གཉིས་ནས་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་ནུས་ལྡན་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསླབ་གཞི་དང་། སློབ་ཚན། བསམ་བློ་བཅས་སུ་ཁྱབ་པར་སྐུལ་འདེད་གཏིང་ཟབ་བཏང་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་སྤེལ་བ་དང་། ང་ཀྲུང་ཧྭ་ལ་དགའ་བའི“ས་བོན་འདེབས་པའི”བྱ་སྤྱོད་གཏིང་ཟབ་སྤེལ་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་གཏོང་བ་བཅས་བྱས་ཡོད། རྒྱ་ཆེའི་དགེ་སློབ་ཚོས“འདུ་ཤེས་བཞི”སྔར་བས་བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”དེ་བས་བརྟན་དུ་བཏང་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་རང་རྟོགས་ངང་བྱས་ཡོད། གསུམ་ནས་སློབ་གསོའི་སྤུས་ཚད་རིམ་བཞིན་མཐོ་རུ་ཕྱིན་ཞིང་། ལོ་15ཡི་གཞུང་གྲོན་སློབ་གསོའི་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཏེ་སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་རུ་དང་རྒྱ་ཆེར་གཏོང་བ་དང་ལས་རིགས་སློབ་གསོའི་སྤུས་ཚད་མཐོར་གཏོང་ལེགས་གསོའི་བྱ་སྤྱོད་འཆར་གཞི་དང་མཐོ་རིམ་སློབ་གསོའི་དར་རྒྱས་འཆར་གཞི་ལག་བསྟར་ཤུགས་ཆེན་བྱས་པར་བརྟེན་སློབ་གསོའི་ཐོན་ཁུངས་ཀྱི་བཀོད་སྒྲིག་སྔར་བས་ལེགས་སུ་ཕྱིན་པ་དང་སློབ་གསོ་ཁྱབ་གདལ་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད། བཞི་ནས་སློབ་གསོའི་བོད་སྐྱོར་ཟབ་ཏུ་དང་རྒྱ་ཆེར་ཕྱིན་ཞིང་། སློབ་གསོའི་བོད་སྐྱོར་བྱེད་ཐབས་གསར་གཏོད་བྱས་ཏེ“ཚོགས་སྒྲིག་རྣམ་པ”དང“དཔུང་ཁག་རྣམ་པ”སོགས་ཀྱི་བྱེད་ཐབས་སྤྱད་དེ་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་སློབ་གསོའི་ཤེས་ལྡན་པ་2000ལྷག་ཙམ་བོད་དུ་ལས་དོན་སྒྲུབ་པར་སྔ་རྗེས་སུ་བཏང་བར་བརྟེན་རང་ལྗོངས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་མ་ནུས་ལྡན་ཐེབས་ཡོད། ལྷག་པར་དུ། ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་དམིགས་བསལ་གྱི་ཐུགས་ཁུར་དང་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་རྒྱབ་སྐྱོར་འོག་བོད་ལྗོངས་འཛིན་གྲྭར་སློབ་མ་བསྡུ་མང་དུ་ལོ་གཉིས་བསྟུད་མར་བཏང་ཡོད། ལྔ་ནས་དགེ་རྒན་དཔུང་ཁག་གི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཞིང་། དུས་རབས་གསར་པའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། དགེ་རྒན་གསོ་སྐྱོང་དང་། ལས་ཞུགས། གསོ་སྦྱོང་། གདེང་འཇོག་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་ཕྱིན་པས། དགེ་རྒན་གྱི་ཕྱོགས་བསྡུས་བྱང་ཚད་དང་ཆེད་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་བཏང་བས། རྒྱ་ཆེའི་དགེ་རྒན་ཚོས“བཟང་པོ་བཞི་ལྡན་གྱི་དགེ་རྒན”དང་སློབ་མའི“སྣེ་ཁྲིད་པ་བཞི”ཡག་པོ་བྱེད་པའི་རྣམ་པ་བཟང་པོ་ཉིན་བཞིན་ཆགས་ཡོད། དྲུག་ནས་སློབ་གསོའི་ཞབས་ཞུ་འཕེལ་རྒྱས་ཀྱི་དུས་བབ་དེ་བས་བརྟན་དུ་ཕྱིན་ཞིང་། སློབ་གསོའི་བྱ་གཞག་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པར་བརྟེན་ལྗོངས་ཡོངས་ཀྱི་མི་འབོར་གྱི་བྱང་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་། ལྗོངས་ཡོངས་སུ་གསར་འཕར་ངལ་རྩོལ་ནུས་ཤུགས་ཀྱི་ཆ་སྙོམས་སློབ་གསོ་ཐེབས་པའི་ལོ་ཚད་ལོ་13ཡན་ཟིན་པ་དང་སློབ་ཆེན་གྱི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར་ཁྲི་53ལྷག་ཙམ་ཟིན་ཏེ། བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཕུལ་བྱུང་གི་ལས་བྱེད་པ་དང་ཆེད་ལས་ལག་རྩལ་ཤེས་ལྡན་པ་འབོར་ཆེན་སྐྱེད་སྲིང་ཐུབ་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། གྲུབ་འབྲས་དེ་ལྟ་བུ་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཤུགས་ཆེན་ལས་བྱུང་བ་མ་ཟད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པས་དཀའ་སྤྱད་འབད་བརྩོན་བྱས་པ་དང་དེ་བས་ཁ་འབྲལ་ཐབས་མེད།
མིག་སྔར། རང་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་མང་པོ་ཡོད་པ་སྟེ། བཙན་འཐབ་ཀྱི་གཅུན་སྡོམ་ཡོད་ལ་བསྟུན་མཁས་ཀྱི་ཚོད་འཛིན་ཡང་ཡོད། བཙན་འཐབ་ཀྱི་གཅུན་སྡོམ་ནས་བལྟས་ན། བོད་ཀྱི་དམིགས་བསལ་གྱི་ས་ཁམས་ཆ་རྐྱེན་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དབང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ལ་ཚོད་འཛིན་ཧ་ཅང་ཆེན་པོ་བཟོ་གི་ཡོད། བསྟུན་མཁས་ཀྱི་ཚོད་འཛིན་ནས་བལྟས་ན། མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དེང་རབས་ཅན་གྱི་འཕེལ་རིམ་ལ་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་མགྱོགས་པོ་བྱེད་པའི་བརྒྱུད་རིམ་ཁྲོད། མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་སློབ་གསོས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་བཞིན་ཡོད། མི་འབོར་གྱི་ངོས་ནས་བལྟས་ན། སློབ་གསོ་ནི་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཐོག་མར་མིའི་དེང་རབས་ཅན་ཡིན་པ་དང་ཕྱོགས་ཡོངས་ནས་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་ནི་དེང་རབས་ཅན་འཛུགས་སྐྲུན་གྱི་རྨང་གཞིའི་རང་བཞིན་གྱི་འདེགས་སྐྱོར་ཞིག་རེད། སློབ་གསོ་དེ་ཉིད་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་ཏུ་ངེས་པར་དུ་བརྩིས་ནས་མི་འབོར་གྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་དང་། བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད། བདེ་ཐང་གི་བྱང་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འདེགས་སྐྱོར་དེ་བས་ལེགས་པར་བྱེད་དགོས། མི་སེམས་ཀྱི་ཐོག་ནས་བལྟས་ན། སློབ་གསོས་མི་སེམས་གཅིག་སྒྲིལ་གྱི་འགན་འཁྲི་གལ་ཆེན་འཁུར་བཞིན་ཡོད། ཏང་གི་བྱ་གཞག་ལ་ངེས་པར་དུ་ཤུལ་འཛིན་མཁན་ཡོད་པ་དང་ཏང་གིས་བོད་དུ་ཡུན་རིང་སྲིད་སྐྱོང་བར་དམིགས་ནས“ལྟོ་གོས”ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ“བསམ་བློའི”གནད་དོན་ཡང་ཐག་གཅོད་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞོན་ནུ་ལོ་ཆུང་སློབ་མར་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ང་ཚོས་གསོ་སྐྱོང་བྱས་པའི་མི་སྣས་ཐོག་མཐའ་བར་གསུམ་དུ་ཏང་དང་། མི་དམངས། སྤྱི་ཚོགས་རིང་ལུགས་བཅས་ལ་ལྷག་བསམ་རྣམ་དག་ཐུབ་པར་འགན་ལེན་བྱེད་དགོས། ཤེས་ལྡན་པའི་ཐོག་ནས་བལྟས་ན། སློབ་གསོ་ནི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་རེད། མི་ནི་ཐོན་སྐྱེད་ནུས་ཤུགས་ཁྲོད་ཀྱི་གསོན་ཤུགས་ལྡན་ཤོས་ཀྱི་རྒྱུ་རྐྱེན་རེད། ཤེས་ལྡན་པ་ནི་བྱ་གཞག་མཐའ་དག་འཕེལ་རྒྱས་གཏོང་བའི་འགག་རྩ་རེད་ལ། བྱ་གཞག་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་ཀྱང་རེད། ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་སློབ་གསོའི་འདེགས་སྐྱོར་ནུས་པ་ངེས་པར་དུ་བཏོན་ཏེ་དེང་རབས་ཅན་འཛུགས་སྐྲུན་གྱི་བླང་བྱ་དང་རང་འགུལ་ངང་འཚམ་པ་དང་། སློབ་གསོ་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་པ་གསོ་སྐྱོང་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་སློབ་གསོའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཕྱོགས་ཡོངས་ནས་གཏོང་དགོས།
དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གསོའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་གི་སློབ་གསོའི་མཛད་ཕྱོགས་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ལ་སྟངས་འཛིན་ནན་པོ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་མགྱོགས་པོ་བྱེད་པ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
གཉིས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྤྱད་དེ་སློབ་གསོའི་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བོད་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
སློབ་གསོ་ནི་འཕེལ་རྒྱས་ཀྱི་རྩ་བ་ཡིན་པས། དེང་སྐབས་བོད་ཀྱི་འཕེལ་རྒྱས་གཏན་འཁེལ་བྱེད་ཀྱི་ཡོད་ལ། མ་འོངས་པའི་བོད་ཀྱི་འཕེལ་རྒྱས་དེ་བས་ཀྱང་གཏན་འཁེལ་བྱེད་ཀྱི་ཡོད། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སློབ་གསོའི་སྲོག་རྩར་བརྩིས་ནས། སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་སློབ་གསོའི་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་དགོས།
གཅིག མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ཡག་པོ་བྱེད་དགོས་ཤིང་། སྡོང་པོ་ཆེན་པོར་ངེས་པར་དུ་རྩ་བ་ཡོད་དགོས། ཆུ་བོ་ཆེན་པོར་ངེས་པར་དུ་ཆུ་འགོ་ཡོད་དགོས། མི་ལ་ཀུན་སྤྱོད་མེད་ན་རྩ་བ་ཚུགས་ཐབས་བྲལ་བས། མི་གསོ་སྐྱོང་བྱེད་པའི་རྩ་བ་ནི་ཀུན་སྤྱོད་ལ་ཐུག་ཡོད། མི་བཟང་གསོ་སྐྱོང་བྱ་རྒྱུ་དེ་སློབ་གཉེར་དང་། སློབ་གྲྭ་སྐྱོང་བ། སློབ་ཁྲིད་མི་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱས་ཏེ། རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་ཐུབ་པར་བྱས་ཏེ་སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་ཡོང་བར་བྱེད་དགོས།
བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བློ་སྦྱོང་མི་སྐྱོང་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མ་ལག་ཅན་དང་རིག་ལམ་ཅན་གྱི་སྒོ་ནས་ཞིབ་འཇུག་དང་འགྲེལ་བཤད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསླབ་གཞི་དང་། སློབ་ཚན། བསམ་བློ་བཅས་སུ་ཁྱབ་པར་སྐུལ་འདེད་ཏན་ཏིག་བཏང་ནས་རྒྱ་ཆེའི་དགེ་སློབ་རྣམས་ལ“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ལ་ཁྲིད་སྟོན་བྱས་ནས། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལ་དད་པ་བརྟན་པོ་བྱེད་མཁན་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་བྱ་རྒྱུའི་འགྱུར་མེད་དམ་བཅའ་འཇོག་དགོས།
དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། “བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོའི”སྤུས་རྟགས་ཁག་གཅིག་གཏོད་པ་དང་སློབ་མས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་བསམ་བློའི་རང་བཞིན་དང་། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། མཉམ་འདྲེས་ནུས་ཤུགས། དམིགས་སའི་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་དང“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་དགེ་སློབ་རྣམས་ལ“མོས་སེམས་ལྔ”ཟབ་ཏུ་གཏོང་བ་དང་། རང་འགུལ་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པར་ཁྲིད་སྟོན་བྱེད་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོར་འཛུགས་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་དམ་པོར་དམིགས་ནས། ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་གྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་ཏན་ཏིག་རྒྱག་པ། “ལག་གདང་སྦྲེལ་བ”དང“ཆ་སྒྲིག”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་རྒྱ་ཁྱབ་ཏུ་སྤེལ་བ་བཅས་བྱས་ཏེ་མི་རིགས་ཁག་གི་དགེ་སློབ་རྣམས་མཉམ་དུ་སྡོད་པ་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་བཟའ་བཏུང་བཅས་བྱེད་པར་ཁྲིད་སྟོན་བྱས་ནས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱ་ཆེའི་དགེ་སློབ་རྣམས་ལ་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་རིག་གནས་ཀྱི་མོས་སེམས་ཟབ་ཏུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་རིག་གནས་ཁྱིམ་གཞིས་རྒྱུན་ཆད་མེད་པར་སྐྲུན་དགོས།
གཉིས། སློབ་གསོའི་སྤྱི་པའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཤིང་། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་དང་འབྲེལ་བ་ཡོད། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་སློབ་གསོའི་ཐད་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་སློབ་གསོའི་སྤྱི་པའི་ཞབས་ཞུའི་ཀུན་ཕན་རང་བཞིན་དང་། ཁྱབ་ནུས་རང་བཞིན། སྟབས་བདེའི་རང་བཞིན་བཅས་ཆེ་རུ་རྒྱུན་ཆད་མེད་པར་བཏང་སྟེ་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་ཐོབ་པར་བྱེད་དགོས།
འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ས་ཁོངས་ཀྱི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་བྱེད་ལེགས་སུ་གཏོང་བ་དང་། སྤུས་ལེགས་སློབ་གསོའི་ཐོན་ཁུངས་གཞི་རིམ་ལ་ཕྱོགས་པར་སྐུལ་འདེད་གཏོང་བ། འོས་འགན་སློབ་གསོ་གྲོང་ཁྱེར་དང་གྲོང་གསེབ་ལ་གཞི་གཅིག་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་ཕྲུ་གུ་ཚང་མས་དྲང་གཞག་དང་སྤུས་ཚད་ལྡན་པའི་སློབ་གསོ་ལོངས་སྤྱོད་ཐུབ་པར་བྱེད་དགོས།
“གཉིས་ཡང”སྲིད་ཇུས་ཀྱི་གྲུབ་འབྲས་མུ་མཐུད་བརྟན་དུ་གཏོང་དགོས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང“གཉིས་ཡང”གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་སློབ་ཁྲིད་བྱེད་སྟངས་ལེགས་སུ་གཏོང་བ་དང་། སློབ་ཁྲིད་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་གདེང་འཇོག་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་སློབ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། སློབ་གྲྭའི་དགེ་རྒན་གྱིས“སློབ་ཁྲིད་ཡག་པོ་བྱེད་པ”དང་སློབ་མས“སློབ་སྦྱོང་ཡག་པོ་བྱེད་ཐུབ་པར”འགན་ལེན་བྱེད་དགོས།
སློབ་གསོ་ཆ་འཕྲིན་ཅན་དང་གྲངས་འཛིན་ཅན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས། བོད་ལྗོངས་ལ་གནད་མང་ཞིང་རྒྱ་ཆེ་ལ་འཐབ་ཕྱོགས་རིང་བས་སློབ་གསོ་ཆ་འཕྲིན་ཅན་དང་གྲངས་འཛིན་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཡོད། གྲངས་འཛིན་ལག་རྩལ་ལ་བརྟེན་ནས་སློབ་གསོར་ནུས་པ་སྦྱིན་ཏེ་རིག་ལྡན་སློབ་གསོའི་ལས་སྟེགས་ཡག་པོ་བསྐྲུན་ནས་བེད་སྤྱོད་ཡག་པོ་བྱེད་པ་དང་། སྤུས་ལེགས་སློབ་གསོའི་ཐོན་ཁུངས་གཅིག་སྡུད་དང་མཉམ་སྤྱོད་བྱེད་པ། ཐོན་ཁུངས་གྲངས་འཛིན་ཅན་དང་དོ་དམ་རིག་ནུས་ཅན་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སློབ་གསོ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས།
གསུམ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་སློབ་གསོའི་ཕན་ནུས་ཆེ་རུ་གཏོང་དགོས་ཤིང་། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་རེད། སློབ་གསོར་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་པར་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ཐོག་སློབ་གསོ་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་པ་གསོ་སྐྱོང་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་མཉམ་འགུལ་འཁོར་སྐྱོད་བཟང་པོ་ཡོང་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ཤེས་ལྡན་པ་དང་བློ་རིག་གི་འདེགས་སྐྱོར་བྱེད་དགོས།
གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་མཐོ་སློབ་ཀྱི་ཚན་རྩལ་གསར་གཏོད་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། མཐོ་སློབ་ཀྱི་ཚན་ཞིབ་ཚོགས་པ་ཆེན་པོ་འཛུགས་པར་སྐུལ་འདེད་གཏོང་བ། རིག་ཚན་དང་ཁྱབ་ཁོངས་བརྒལ་བའི་རོགས་ལས་འགག་སྒྲོལ་བཅས་བྱས་ཏེ་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་མུ་མཐུད་གཏོད་དགོས། གོ་སྐབས་ལ་དམ་འཛིན་བྱས་ཏེ་དེ་བས་སྒོ་དབྱེའི་སེམས་ཁམས་ལ་བརྟེན་ནས་གཙོ་གནད་རྣམ་གྲངས་དང་ཐོན་ལས་འཕེལ་རྒྱས་སྦྲེལ་མཐུད་རང་འགུལ་བྱེད་པ་དང་། ཀྲུང་དབྱང་ཁེ་ལས་དང་ཚན་རིག་ཞིབ་འཇུག་ཁང་གི་འབྲེལ་ཡོད་རྣམ་གྲངས་གལ་ཆེན་ཞིབ་འཇུག་གསར་སྤེལ་ནང་ཧུར་ཐག་ཞུགས་པ། ཆེད་ལས་གསོ་སྦྱོང་དང་ཚན་ཞིབ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་པའི་ཚན་ཞིབ་གྲུབ་འབྲས་དེ་བས་མང་བ་མུ་མཐུད་གཏོད་དགོས།
མཐོ་རིམ་སློབ་གསོའི་བཀོད་པ་ལེགས་སུ་གཏོང་དགོས། མཐོ་སློབ་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ཐོག་རིགས་དབྱེ་དོ་དམ་དང་རིགས་དབྱེ་གདེང་འཇོག་ལམ་སྲོལ་བཙུགས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མཐོ་རིམ་སློབ་གསོ་ཡག་པོ་གཉེར་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་དམིགས་ནས་རིག་ཚན་དང་ཆེད་ལས་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཐོག་ལེགས་ཆ་གནད་འཁེལ་འཚོལ་བ་དང་། ལེགས་སྤེལ་ཉེས་འགོག་བྱེད་པ། རྨང་གཞིའི་རིག་ཚན་དང་། ཁྱད་ལྡན་རིག་ཚན། ལེགས་ཆའི་རིག་ཚན་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རང་བྱུང་རིག་པ་དང་། བཟོ་སྐྲུན་རིག་པ། ཞིང་ལས། གསོ་རིག་སོགས་ཐད་ཀྱི་འཕྲལ་མཁོ་ཆེ་བའི་ཆེད་ལས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དངོས་གཞིའི་ཚན་ཁག་གི་སློབ་གསོའི་ཐོན་ཁུངས་རྩེ་གྲ་རྒྱ་ཆེར་བཏང་ནས་མཐོ་སློབ་སྤུས་ཚད་མཐོ་བའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བར་གྲངས་འབོར་ལ་མཐོང་ཆེན་བྱེད་དགོས་པ་མ་ཟད། སྤུས་ཚད་དེ་བས་ལེགས་སུ་བཏང་ནས་ཤེས་ལྡན་པ་རང་བརྟེན་གསོ་སྐྱོང་གི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས།
ཐོན་སློབ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག་ཧུར་ཐག་འཛུགས་དགོས། ཁྲོམ་རར་ཕྱོགས་པ་དང་། འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ཐོག་དེང་རབས་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བ་དང་། ལས་རིགས་སློབ་གསོ་དང་དཀྱུས་མའི་སློབ་གསོ་མཉམ་མཐུད་དང་ཐོན་སློབ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག་བཙུགས་ནས། ལས་རིགས་སློབ་གསོ་དང་ས་ཁོངས་འཕེལ་རྒྱས་ཕན་ཚུན་མཐུན་སྦྱོར་ཡོང་བ་དང་། ལས་རིགས་སློབ་གསོ་དང་ཐོན་ལས་བཀོད་པ་ཕན་ཚུན་སྦྲེལ་མཐུད་ཐུབ་པར་སྐུལ་འདེད་གཏོང་དགོས། རང་རྟོགས་ངང་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་བྱེད་པ་དང་སྐུལ་འདེད་བཏང་སྟེ་དམིགས་འབེན་ཡོད་པའི་སྒོ་ནས་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས། སློབ་མ་འཚར་ལོངས་ཡོང་བ་དང་ཤེས་ལྡན་པར་འགྱུར་བའི་ཐབས་ལམ་རྒྱ་སྐྱེད་ཤུགས་ཆེན་བཏང་སྟེ་ལས་རིགས་སློབ་གསོའི་འཚམ་མཐུན་རང་བཞིན་དང་ཡིད་དབང་འགུག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བཟོ་རྩལ་མཁས་པ་དང་རྩལ་ནུས་མཐོ་བའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།
བཞི། དུས་རབས་གསར་པའི་ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་གསོ་སྐྱོང་བྱེད་དགོས་ཤིང་། དགེ་རྒན་ནི་སློབ་གསོ་འཛུགས་སྐྱོང་གི་རྩ་བ་དང་སློབ་གསོ་དར་སྤེལ་གྱི་འབྱུང་ཁུངས་རེད། གནའ་མིས་ཇི་སྐད་དུ། དགེ་རྒན་ནི་གནས་ལུགས་འཆད་པ་དང་། ཤེས་བྱ་སློབ་པ། དོགས་གནད་སེལ་བ་བཅས་བྱེད་མཁན་དེའོ། དགེ་བའི་རྩ་བ་སློབ་གསོར་ཐུག་ལ། སློབ་གསོའི་རྩ་བ་དགེ་རྒན་ལ་ཐུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་ཞིག་ལ་དགེ་རྒན་བཟང་པོ་ཞིག་འཕྲད་པ་ནི་མི་ཚེའི་བསོད་ནམས་ཡིན་པ་དང་། སློབ་གྲྭ་ཞིག་ལ་དགེ་རྒན་བཟང་པོ་ཞིག་ཡོད་པ་ནི་སློབ་གྲྭའི་གཟི་བརྗིད་ཡིན་པ། མི་རིགས་ཤིག་ལ་དགེ་རྒན་བཟང་པོ་རྒྱུན་ཆད་མེད་པར་ཐོན་པ་ནི་མི་རིགས་དེའི་རེ་བ་ཡིན”ཞེས་གསུངས་ཡོད། ང་ཚོས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་ནས་ཀུན་སྤྱོད་ལེགས་པ་དང་། ལས་སྒོ་བྱང་ཆུབ་པ། གྲུབ་ཆ་ལུགས་དང་མཐུན་པ། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་གྱི་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་གཏོད་དགོས།
དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། རྒྱ་ཆེའི་དགེ་རྒན་རྣམས་ལ་ཕུགས་བསམ་དང་དད་སེམས་བརྟན་པོ་དང་། ཀུན་སྤྱོད་ལ་བློ་སྦྱོང་བ། ཤེས་བྱའི་རྨང་གཞི་ཟབ་པོ་གསོ་འཁྱོངས། བྱམས་དང་རྙིང་རྗེ་ལྡན་པ་བཅས་བྱ་རྒྱུའི་ཁྲིད་སྟོན་བྱེད་པ་དང་། ཤེས་བྱ་ཡོན་ཏན་གྱིས་ཀུན་གྱི་དགེ་རྒན་བྱེད་ཐུབ་པ་དང་ཀུན་སྤྱོད་བཟང་པོས་ཀུན་ལ་མིག་དཔེ་སྟོན་ཐུབ་པར་བྱས་ཏེ་བླ་ན་མེད་པའི་མི་གཤིས་ཀྱི་ཡིད་དབང་འགུག་ཤུགས་ལ་བརྟེན་ནས་སློབ་མའི་གུས་བཀུར་ཐོབ་པ་དང་། མིག་དཔེ་སྟོན་པའི་གཏམ་སྤྱོད་ལ་བརྟེན་ནས་སློབ་མ་ཚོར་མིག་དཔེ་འདོན་དགོས།
དགེ་རྒན་གྱི་ནུས་པ་ཆེ་རུ་དང་བྱང་ཚད་མཐོ་རུ་ནུས་ཤུགས་ཡོད་རྒུས་གཏོང་དགོས། དུས་རབས་གསར་པའི་དགེ་རྒན་གྱི་དཔུང་ཁག་སྟོབས་ཆེར་གཏོང་བའི་འཆར་གཞི་ལག་ལེན་གཏིང་ཟབ་བསྟར་ནས་དགེ་རྒན་དཔུང་ཁག་གི་ནུས་པ་དང་བྱང་ཚད་སྤྱི་ཡོངས་ནས་མཐོ་རུ་གཏོང་དགོས། སློབ་གསོ་སློབ་ཁྲིད་ཀྱི་གྲུབ་འབྲས་དངོས་ལ་རྟོག་ཞིབ་བྱ་རྒྱུ་མངོན་གསལ་དོད་དུ་བཏང་ནས་འཇོན་པ་ཡར་བསྐོས་དང་། མི་འཇོན་མར་ཕབ། ཐ་ཞན་ཕར་ཕུད་བཅས་ཀྱི་དགེ་རྒན་གྱི་གོ་གནས་སྤོར་བ་དང་། ལས་གནས་སྒྱུར་བ། ལས་གནས་ལས་ཕྱིར་འཐེན་བཅས་ཀྱི་ལམ་སྲོལ་འཛུགས་དགོས། “གསོ་སྐྱོང་དང་། གདན་ཞུ། སྤྱོད་པ། གཞིས་ཆགས་ཐུབ་པ”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་ལག་བསྟར་གཏིང་ཟབ་བྱས་ཏེ་ལྗོངས་ནང་ཁུལ་གྱི་སློབ་གླིང་དང་སློབ་གྲྭས་དགེ་རྒན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་བོད་སྐྱོར་དགེ་རྒན་གྱི“བརྒྱུད་རོགས་ཁྲིད”གསུམ་གྱི་ནུས་པ་ཡག་པོ་འདོན་དགོས།
དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་གཏོད་དགོས། རིམ་པ་ཁག་དང་རིགས་ཁག་གི་དགེ་རྒན་གྱི་ཐོབ་ཐང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་དགེ་རྒན་ལ་བརྩི་བཀུར་དང་དགེ་རྒན་ལ་ཕན་འདོགས་པའི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། ལྷག་པར་དུ་ས་བབ་མཐོ་བའི་ས་ཁུལ་དང་། ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ། གཞི་རིམ་གྱི་འཐབ་ས་དང་པོ་བཅས་ཀྱི་དགེ་རྒན་ལ་སེམས་ཁུར་དང་བྱམས་སྐྱོང་བྱས་ཏེ་སྤྱི་ཚོགས་ཐོག་དགེ་རྒན་ལ་དབང་གྲགས་ལྡན་པ་དང་། སྤྱི་ཚོགས་ཀྱིས་བརྩི་བཀུར་ཆེ་ཤོས་ཐོབ་པའི་ལས་རིགས་ཤིག་ཏུ་འགྱུར་བར་བྱས་ནས་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་སེམས་རྩ་འཁོལ་པོ་དང་ཞིབ་ཚགས་པོས་དཔེ་ཁྲིད་མི་སྐྱོང་གི་བྱ་བར་ཞུགས་རྒྱུའི་ཡིད་དབང་འགུག་དགོས། ཕུལ་བྱུང་དགེ་རྒན་ལ་གཟེངས་བསྟོད་དང་དྲིལ་བསྒྲགས་ཀྱི་ལས་དོན་ཤུགས་ཆེན་སྤེལ་བ་དང་བོད་ཀྱི་ཕུལ་བྱུང་སློབ་གསོ་མཁས་ཅན་གྱི་གཏམ་རྒྱུད་ཡག་པོ་བཤད་དེ། དགེ་རྒན་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བྱས་ནས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན། དགེ་རྒན་ལ་ཕན་འདོགས་པ་དང་སློབ་གསོ་སྟོབས་ཆེར་གཏོང་བའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ནུས་ཤུགས་ཡོད་རྒུས་གཏོད་དགོས།
ལྔ། སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། སློབ་གསོའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་པའི་སློབ་གསོའི་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་མྱུར་ཆགས་པར་བྱས་ནས། སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་འཕེལ་རྒྱས། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས། མཐོ་འབྲིང་དཀྱུས་མ་སྣ་མང་ཅན་དང་ཁྱད་ཆོས་ལྡན་པའི་སྒོ་ནས་འཕེལ་རྒྱས། ལས་རིགས་སློབ་གསོ་སྤུས་ཚད་མཐོ་པོས་འཕེལ་རྒྱས། མཐོ་རིམ་སློབ་གསོ་ནང་དོན་ལྡན་པའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས།
རྨང་གཞིའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། མི་འབོར་འགྱུར་ལྡོག་འགྲོ་ཚུལ་ལ་དམིགས་ཏེ་ཐབས་ཇུས་ཞིབ་འཇུག་བྱེད་པར་ཤུགས་སྣོན་བརྒྱབ་ནས་སློབ་གསོའི་ཐོན་ཁུངས་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་བཀོད་སྒྲིག་བྱེད་དགོས། སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བའི་ཁར་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་དེ་བས་མཐོང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“མཉེན་ཆས”དང“མཁྲེགས་ཆས”མཉམ་དུ་འཕེལ་རྒྱས་ཡོང་བ་བྱེད་དགོས།
སློབ་གསོར་མ་དངུལ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། སྔོན་ལ་འཕེལ་རྒྱས་གཏོང་བ་དང་སྔོན་ལ་འགན་སྲུང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ནོར་སྲིད་ཀྱིས་སློབ་གསོར་གཏོང་ཆ་གཏོང་ཤུགས་རྒྱུན་མཐུད་བརྟན་པོའི་ངང་སྤོར་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ལོ་15ཡི་གཞུང་གྲོན་སློབ་གསོ་མུ་མཐུད་ལག་བསྟར་བྱས་ནས་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། སློབ་མཚམས་ཧྲིལ་པོའི་སློབ་མའི་རོགས་སྐྱོར་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སློབ་མའི་རོགས་སྐྱོར་ཚད་གཞི་སྟབས་བསྟུན་ལེགས་སྒྲིག་གི་ལམ་སྲོལ་འཛུགས་དགོས།
བྱང་ཚད་སློབ་གསོར་སྔར་བས་སྐུལ་འདེད་གཏོང་དགོས། སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་དེ་བས་མཐོང་ཆེན་གྱིས་སློབ་གསོའི་གདེང་འཇོག་སྒྱུར་བཅོས་ཟབ་ཏུ་བཏང་ནས་སྤྱི་ཚོགས་ཡོངས་སུ་ཚན་རིག་དང་མཐུན་པའི་ཤེས་ལྡན་པའི་ལྟ་བ་དང་། ཤེས་ལྡན་པར་འགྱུར་བའི་ལྟ་བ། སློབ་གསོའི་ལྟ་བ་བཅས་འཛུགས་པར་སྐུལ་འདེད་གཏོང་དགོས།
སློབ་གསོའི་སྒོ་དབྱེ་མཉམ་ལས་རྒྱ་སྐྱེད་ཧུར་ཐག་གཏོང་དགོས། སློབ་གསོའི་སྒོ་དབྱེ་མཉམ་ལས་བརྒྱུད་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་འདེད་གཏོང་དགོས། ལྗོངས་ནང་ཁུལ་གྱི་མཐོ་སློབ་ཀྱིས་ལྗོངས་ཕྱིའི་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞི་སོགས་དང་སྤེལ་རེས་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་རང་ལྗོངས་ཀྱི་སློབ་གསོའི་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། རང་ལྗོངས་ཀྱི་མཐོ་སློབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ནང་དུ་གདན་ཞུ་དང་ཕྱིར་བསྐྱོད་དེ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་ཕྱི་རྒྱལ་གྱི་མཐོ་སློབ་ཀྱི་དགེ་སློབ་དང་ཕན་ཚུན་སློབ་སྐོར་དང་། རིག་གཞུང་སྤེལ་རེས། ཞིབ་འཇུག་བྱ་གཞིར་ཞིབ་འཇུག་སོགས་ཐད་མཉམ་ལས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་དགོས།
གསུམ་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་བྱེད་དགོས།
ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་ནི་སློབ་གསོ་ཡག་པོ་གཉེར་བའི་རྩ་བའི་འགན་ལེན་རེད། རིམ་ཁག་ཏང་ཨུད་ཀྱིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ཏེ་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། ཏང་སྲིད་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པ། སྡེ་ཚན་གྱིས་རང་འགན་གཙང་སྒྲུབ་བྱེད་པ་བཅས་ཀྱི་སློབ་གསོའི་འགོ་ཁྲིད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
གཅིག་ནས་རིམ་ཁག་ཏང་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས་ཤིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སློབ་གསོའི་ལས་དོན་དེ་གཙོ་གནད་ཀྱི་ལས་དོན་འཆར་གཞི་དང་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་པ་དང་། སློབ་གསོའི་ལས་དོན་གྱི་ཆོས་ཉིད་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་པ། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱེད་པ་བཅས་བྱས་ཏེ་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཁག་འཚོལ་ཞིབ་བྱས་ནས་འཛུགས་དགོས། ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སློབ་གསོར་དོ་ཁུར་དང་སློབ་གསོར་མཐོང་ཆེན་བྱས་ཏེ་རྒྱུན་གཏན་རང་བཞིན་གྱི་སྒོ་ནས་སློབ་གསོར་ཞིབ་འཇུག་གིས་སློབ་གསོའི་ལས་དོན་ཁྲོད་ཀྱི་དཀའ་ངལ་དངོས་ཐག་གཅོད་ཏན་ཏིག་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་སྔར་ལས་ལྷག་པའི་སྒོ་ནས་ནུས་པ་བཏོན་ཏེ་སློབ་གསོའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སློབ་གསོའི་ལྗོངས་སྟོབས་ཆེན་འཛུགས་སྐྲུན་མགྱོགས་པོ་བྱེད་རྒྱུ་དེ་ལས་འགན་གལ་ཆེན་ལ་བརྩིས་ནས་སྤྱི་འདོམས་མཐུན་སྦྱོར་དང་ཁྱོན་ཡོངས་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།
གཉིས་ནས་ཏང་འཛུགས་སྐྱོང་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་ལས་དོན་དེ་སློབ་གཉེར་སློབ་སྐྱོང་གི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་ཏང་གི་འགོ་ཁྲིད་དེ་སློབ་གྲྭའི་བཅོས་སྐྱོང་མ་ལག་ནང་ཕྱོགས་ཡོངས་ནས་མཉམ་འདྲེས་བྱེད་པ་དང་། ཏང་ཨུད་ཀྱི་འགོ་ཁྲིད་འོག་གི་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་ཀྱི་འཁོར་སྐྱོད་ནུས་ཕྱོད་ཆེ་རུ་བཏང་སྟེ་ཏང་གི་སློབ་གསོའི་མཛད་ཕྱོགས་སློབ་གྲྭའི་གང་ས་ཅི་ཐད་ལ་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་སྟོན་ཕྱོགས་གསལ་པོ་བརྟན་པོར་བཙུགས་ཏེ་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། སྤྱོད་ཚུལ་བཟང་བ། ལས་སྒོ་བྱང་ཆུབ་པ་བཅས་ཀྱི་ཕུལ་བྱུང་ལས་བྱེད་པ་རིགས་ཁག་གི་སློབ་གྲྭའི་འགོ་ཁྲིད་ལས་གནས་ཐོག་བདམས་སྦྱོར་བྱེད་དགོས། ལས་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས། སློབ་གྲྭའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། དགེ་སློབ་ཀྱི་ཕུགས་བསམ་དད་སེམས་དང་ཏང་གཤིས་སློབ་གསོར་དམ་འཛིན་ཡག་པོ་བྱས་ནས། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་རྒྱ་ཆེའི་དགེ་སློབ་ཚོའི་སྙིང་ཉེ་ཤོས་དང་བློས་འཁེལ་ཤོས་ཀྱི་རྩ་འཛུགས་ཀྱི་བརྟེན་ས་ཞིག་དང་། སློབ་གྲྭའི་དཔེ་ཁྲིད་མི་སྐྱོང་གི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲི་གསར་པ་དང་། བླང་བྱ་གསར་པ། འགྲན་སློང་གསར་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་མཐོ་རིམ་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས།
གསུམ་ནས་ལས་ཀའི་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་དགོས་ཤིང་། སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གོང་རིམ་ལ་རྣམ་འགྱུར་ཡག་པོ་སྟོན་པ་དང་། གཤམ་འོག་ལ་འགན་མི་འཁུར་བ། ཕན་འབྲས་ལ་བསམ་བློ་མི་གཏོང་བ་བཅས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། ཡིག་ཆའི་རིང་ལུགས་དང་རྙོག་རྫོབ་ཀྱི་མཚན་ཉིད་རིག་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ལས་ཀའི་གྲུབ་འབྲས་དང་ལས་ཀའི་ཕན་འབྲས་ལ་གདེང་འཇོག་བྱ་རྒྱུར་སྔར་བས་མཐོང་ཆེན་བཅས་བྱས་ནས་རྒྱ་ཆེའི་སློབ་གསོའི་ལས་དོན་པས་འགན་འཁྲི་ཡག་པོ་སྒྲུབ་པ་དང་འགན་འཁྲི་གཙང་མ་སྒྲུབ་པར་ཁྲིད་སྟོན་བྱེད་དགོས།
ལོ་བརྒྱའི་ཇུས་ཆེན་འགོད་པར་སློབ་གསོ་གཞི་རྩར་འཛིན་དགོས། རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སློབ་གསོའི་ལྗོངས་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་བའི་ལས་འགན་ལྕི་ལ་འགན་འཁྲི་གཟི་བརྗིད་དང་ལྡན་པ་ཞིག་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་གདེང་ཚོད་བརྟན་པོ་དང་། གསར་འབྱེད་གསར་གཏོད། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་ཧུར་ཐག་གཉེར་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
2024ལོའི་ཟླ་12ཚེས་24ཉིན། ལྗོངས་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་གནད་བསྡུས།
(2025ལོའི་རྒྱ་ཡིག་གི《བོད་ལྗོངས་གསར་པ》ཞེས་པའི་དུས་དེབ་འདོན་ཐེངས་དང་པོ་ལས་བཏུས)