ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་ནན་བཤད་གནང་དོན།
ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ནུས་སེམས་གཅིག་ཏུ་སྒྲིལ་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ། འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གྲོས་ཞིབ་བཅས་གནང་ཞིང་། ཁོང་གིས། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྲོལ་རྒྱུན་བཟང་པོ་དར་སྤེལ་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ནུས་སེམས་གཅིག་ཏུ་སྒྲིལ་དགོས་ཞེས་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ལིའུ་ཅང་། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ་སོགས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་གཙོ་གནད་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་བརྟན་ལྷིང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་ལས་དོན་དེ་རྒྱུན་གཏན་ནས་སྒྲུབ་པ་དང་། རྟག་ཏུ་སྒྲུབ་པ། གཞི་རིམ་དུ་དོན་འཁྱོལ་བཅས་བྱེད་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ཐོན་བཟོ་ཡོད་པའི་ས་ནས་མེད་པར་བཟོ་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་དུ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དེ་ལས་ཀའི་གཙོ་རྐང་དུ་བརྩི་རྒྱུ་མཐའ་འཁྱོངས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཤུགས་ཆེན་བསྟར་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཧུར་ཐག་གཏོང་བ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་རིག་གནས་ཀྱི་ཁྱིམ་གཞིས་སྐྲུན་དགོས། “ཕན་འདོགས་པ་ལྔ”ཡི་ཚད་གཞི་མཐའ་འཁྱོངས་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། “འདུ་ཤེས་གསུམ”གྱི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་བརྒྱབ་སྟེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ནུས་ལྡན་གྱི་མ་འཇོག་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཡང་བའི་བཟོ་ལས་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ཁྲིམས་ལྟར་ལེགས་པར་སྒྲུབ་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། བོད་ཀྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་བཅས་ཡིན་པ་བློ་ལ་བརྟན་པོར་ངེས་ནས། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ཤུགས་ཆེན་སྤེལ་བ། ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ཚན་རིག་དང་མཐུན་པའི་སྒོ་ནས་ལག་བསྟར་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་དུ་བཏང་ནས་མཐའ་དར་དམངས་ཕྱུག་དང་མཐའ་མཚམས་བརྟན་ལྷིང་གི་བྱ་སྤྱོད་ཤུགས་ཆེན་སྤེལ་བ་དང་། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཡུལ་བབ་དང་བསྟུན་ནས་མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། མཐའ་མཚམས་བརྟན་ལྷིང་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱས་ཏེ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་མི་སྣའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཉེ་གཙང་གི་སྲིད་ཚོང་འབྲེལ་བ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ནུས་ལྡན་ངང་འཕེལ་བར་བྱེད་པ། དམངས་གཉེར་ཁེ་ལས་དང་དམངས་གཉེར་དཔལ་འབྱོར་མི་སྣའི་གདེང་ཚོད་བརྟན་གཏོང་དང་། ངེས་ཤུགས་རྒྱུན་འཁྱོངས། བློ་སྟོབས་ཆེར་གཏོང་བཅས་ལ་ཁྲིད་སྟོན་གྱིས། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་རྒྱུན་བསྲིང་ལྷོད་མེད་ངང་ཡག་པོ་སྒྲུབ་པ་དང་། ཕྱིར་སྡོད་བོད་རིགས་སྤུན་ཟླའི་ལས་དོན་རྒྱུན་མཐུད་ངང་ཡག་པོ་སྒྲུབ་པ། ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཁོ་ཚོ་ཏང་གི་མཐའ་འཁོར་དུ་དེ་བས་ཧུར་བརྩོན་དང་ནུས་ལྡན་གྱི་སྒོ་ནས་མཐུན་སྒྲིལ་དང་གཅིག་སྒྲིལ་བྱས་ནས། ཁོ་ཚོར་ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་དར་རྒྱས། སྐྱེ་ཁམས་སྲུང་སྐྱོང་། མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་སོགས་འཐབ་ཕྱོགས་ཁག་གི་ནང་བྱས་རྗེས་འཇོག་རྒྱུར་སྐུལ་ལྕག་བྱེད་དགོས།