ཀརྨ་ཚེ་བརྟན་གྱིས་དབང་པོ་སྐྱོན་ཅན་དང་། མ་མཐའི་འཚོ་བ་འགན་ལེན་དུད་ཚང་། དམིགས་བསལ་དཀའ་ངལ་ཡོད་མཁན། ལས་ཞུཌ་ཚོགས་སྤྱི་གསར་པ་སོགས་ལ་འཚམས་འདྲི་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྷ་སར་དབང་པོ་སྐྱོན་ཅན་དང་། མ་མཐའི་འཚོ་བ་འགན་ལེན་དུད་ཚང་། དམིགས་བསལ་དཀའ་ངལ་ཡོད་མཁན། ལས་ཞུགས་ཚོགས་སྤྱི་གསར་པ་སོགས་ལ་འཚམས་འདྲི་གནང་བ་མ་ཟད། ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་ནས་བརྩེ་བ་ཟབ་མོ་ཡང་མཚོན་གནང་ཡོད།
ཀྲང་ཡན་ཆིང་དང་སྒྲོལ་དཀར་འཚམས་འདྲིར་ལྷན་དུ་ཕེབས་ཡོད།
རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་དྲག་སྐྱེད་ཞབས་ཞུ་ལྟེ་གནས་སུ་ཀརྨ་ཚེ་བརྟན་གྱིས་དྲག་སྐྱེད་སྨན་བཅོས་དང་ལྟེ་གནས་དོ་དམ་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་དྲག་སྐྱེད་སྦྱོང་བརྡར་བྱེད་བཞིན་པའི་དབང་པོ་སྐྱོན་ཅན་ཚོར་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོར་སྨན་བཅོས་དང་སྦྱོང་བརྡར་ཧུར་ཐག་བྱས་ཏེ་སྔ་ཙམ་དྲག་སྐྱེད་བྱུང་སྟེ་སྤྱི་ཚོགས་ནང་མཉམ་འདྲེས་ཡོང་རྒྱུའི་ལྕག་སྐུལ་གནང་བ་རེད། ཁོང་གིས། དབང་པོ་སྐྱོན་ཅན་ཚོར་རོགས་རམ་དང་ཕན་བདེའི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་ཞབས་འདེགས་ཧུར་ཐག་ཞུ་བ་དང་། དྲག་སྐྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། དམིགས་བསལ་ཚོགས་སྤྱིར་གཅེས་སྐྱོང་བྱེད་པའི་ལས་དོན་རྒྱུན་ཆད་མེད་པར་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དྲིན་སྐྱོང་གླིང་སྡེ་ཁུལ་གྱི་ཉམ་ཐག་བྱིས་པ་དང་མ་མཐའི་འཚོ་བ་འགན་ལེན་དུད་ཚང་གི་ཁྱིམ་དུ་ཀརྨ་ཚེ་བརྟན་གྱིས་ཁྱིམ་ཚང་གི་གནས་ཚུལ་དང་འབབ་ཁུངས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་ཡོད།
ཁོང་གིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཞག་ནས་གནས་ཚུལ་དངོས་ཀྱི་འགུལ་རྣམ་ཁོང་དུ་ཆུད་པ་བྱེད་པ་དང་། དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ། དམངས་ཕན་དམངས་ཁེའི་སྲིད་ཇུས་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཁྲེང་ཀོན་ཆུས་དམིགས་བསལ་དཀའ་ངལ་ཡོད་མཁན་གཅིག་སྡུད་གསོ་སྐྱོང་ཞབས་ཞུ་ལྟེ་གནས་སུ་རྒན་རྒོན་38ཡོད་པ་དང་ཆ་སྙོམས་ལོ་69ཡིན་པ་རེད། ཀརྨ་ཚེ་བརྟན་གྱིས་རྒན་རྒོན་ཚོའི་བདེ་ཐང་གནས་ཚུལ་དང་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་སེམས་ཁུར་ཆེན་པོས་བཀའ་འདྲི་གནང་བ་མ་ཟད། དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཡང་ཞུས་པ་རེད། ཁོང་གིས་འབྲེལ་ཡོད་སྡེ་ཚན་ལ་རྒན་གསོའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། རྒན་གསོའི་་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་གཏོང་བ། གཅིག་གྱུར་མཐུན་སྦྱོར་གྱི་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་རྣམ་པ་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་ཧྲེང་རྒན་རྒོན་དེ་བས་མང་བ་ཏང་དང་སྲིད་གཞུང་གི་སེམས་ཁུར་དང་ལྟ་རྟོག་འོག་མི་ཚེ་རིང་པོ་ཡོང་བར་བྱས་ཏེ་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་བརྟེན་ས་ཡོད་པ། རྒས་དུས་སེམས་པ་སྐྱིད་པ། རྒས་དུས་བློ་སེམས་བདེ་བ་བཅས་དངོས་འབྲེལ་མངོན་འགྱུར་ཡོང་བ་བྱེད་དགོས་པའི་བཀའ་མངག་གནང་བ་རེད།
ཧྲུན་ཧྥུང་མྱུར་སྐྱེལ་ལྷ་སའི་སྐར་ཁུང་ལས་གནས་སུ་ཀརྨ་ཚེ་བརྟན་གྱིས་མྱུར་སྐྱེལ་བར་དཀར་གཙང་མཇལ་དར་གཡོགས་ནས་ཁོང་ཚོས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱས་ཏེ་ཁྱིམ་ཚང་ཁྲི་སྟོང་མང་པོར་མཛེས་སྡུག་ལྡན་པའི་བདེ་སྐྱིད་བརྒྱུད་སྤྲོད་བྱས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁོང་ཚོས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རིང་རང་ཉིད་ཀྱི་མི་ཚེའི་ཕུགས་འདུན་དང་རིན་ཐང་མངོན་འགྱུར་ཡོང་བར་ལྕག་སྐུལ་ཡང་གནང་བ་རེད།