དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-01

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་དིང་རིར་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་སྲིད་གཞུང་གི་བརྒྱུད་རིམ་ལྡན་པའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་རྗེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ལ་སྤྱི་འདོམས་བྱས་ཏེ། ཡོམ་འགོག་གེགས་སེལ་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བར་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་དེ། གེགས་ཁུལ་གྱི་དམངས་འཚོ་འགན་སྲུང་དང་ཡུན་རིང་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་ཞིག་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་པ་ཞིག་རེད་ལ། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད། དེས་ན་འཆར་གཞི་སྔོན་ལ་འགོད་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་བརྟག་ཞིབ་དང་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱེད་པ་དང་། གནོད་སྐྱོན་ཚོད་སྐོར་ལས་དོན་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་སྤེལ་བ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད་དང་ཆེད་དོན་འཆར་འགོད་ཁག་བཟོ་འགོད་ནན་ཏན་བཅས་བྱས་ཏེ་དམིགས་ཚད་བཀོད་སྒྲིག་ལུགས་དང་མཐུན་པ་དང་། གཞི་རྩའི་རྒྱུ་རྐྱེན་གཙོ་བོ་ཆ་ཚང་བ། སྤྱད་འཐུས་ཀྱི་གཞི་འཛིན་ས་འདང་ངེས་ཡོད་ལ་དོན་ཐོག་ཏུ་འཁྱོལ་བ་བཅས་ཀྱི་འགན་ལེན་བྱེད་དགོས་པ་དང་། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་རྒྱུ་ཡོང་བའི་ལས་དོན་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པ། འཕེལ་རིམ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། སྔོན་གཏན་འཁེལ་བའི་ལས་ཀའི་དམིགས་ཚད་དང་དུས་ཚོད་ཀྱི་ཚིགས་མཚམས་གལ་ཆེན་ལ་དམ་པོར་དམིགས་ནས་ནུས་ཤུགས་ཡོད་འདོན་དང་། ལས་ཡུན་ལྡོག་སྒྲིག ལས་རིམ་གསལ་འགོད་བཅས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མར་སྔ་ཙམ་སྡོད་ས་ཡོང་བའི་འབད་བརྩོན་བྱེད་དགོས་པ། བདེ་འཇགས་དོ་དམ་མཐའ་འཁྱོངས་བྱེད་དགོས་ཤིང་། ལས་གྲྭའི་སྤུས་ཚད་དང་བདེ་འཇགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བསྐྱར་སྐྲུན་མ་དངུལ་བེད་སྤྱོད་དང་དོ་དམ་ཡག་པོ་བྱེད་པ། བརྒྱུད་རིམ་ཧྲིལ་པོར་རྗེས་སུ་སྙེགས་ནས་རྩིས་བཤེར་ལ་ལྟ་སྐུལ་ཡག་པོ་བཅས་བྱས་ཏེ་དམངས་སེམས་ལས་གྲྭ་དེ་ཉིད་སྤུས་ལེགས་ཀྱི་ལས་གྲྭ་དང་། བདེ་འཇགས་ཀྱི་ལས་གྲྭ སྤྱོད་གཙང་གི་ལས་གྲྭ་བཅས་སུ་འགྱུར་ཐུབ་པའི་བརྩོན་བྱེད་དགོས་པ། འགན་འཁྲི་ཕྲག་ཏུ་འཁུར་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཞིབ་ཕྲའི་ལས་འགན་ཁ་གསལ་བཟོ་བ་དང་། ནང་དོན་དང་བླང་བྱ་ཞིབ་ཚགས་སུ་གཏོང་བ། འགན་འཁྲིའི་འབྲེལ་ཐག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ལས་དོན་མཐའ་དག་ལ་དམ་འཛིན་བྱེད་མཁན་ཡོད་པ་དང་དོན་དག་ཚང་མ་ལེགས་འགྲུབ་ཡོང་བའི་འགན་ལེན་བྱས་ནས་གོང་འོག་སེམས་པ་གཅིག་འགྲིལ་དང་བསམ་ཇུས་གཅིག་མཐུན་ཡོང་བར་བྱེད་དགོས་པ། མ་བྱུང་སྔོན་འགོག་མཐའ་འཁྱོངས་བྱེད་དགོས་ཤིང་། རང་འགུལ་འགོག་བཅོས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། རྨང་གཞིའི་སྒྲིག་བཀོད་དང་ཁང་པའི་ཡོམ་འགོག་ནུས་པར་བརྟག་ཞིབ་དང་ཚོད་སྐོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།