ལིའུ་ཅང་གིས་དཔྱིད་གསར་དུས་ཆེན་རིང་གི་སྡོད་བྱ་དང་ལས་གནས་བརྟན་སྲུང་ལས་དོན་ལ་ཞིབ་བཤེར་དང་བཀོད་གཏོང་གནང་བ།
ཟླ་1ཚེས་28ཉིན་ནི་ལུགས་རྙིང་ལོའི་གནམ་གང་དང་། ཚེས་29ཉིན་ལ་ལོ་གསར་ཚེས་གཅིག་འཁེལ་བས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་ཡན་ལག་ཅུས་དང་། མང་ཚོགས་སྒྱུ་རྩལ་ཁང་གི་དམངས་ཕན་ཉེན་དོན་ཞབས་ཞུ་ས་ཚིགས། བར་སྐོར་ཁྲོམ་གཞུང་། ལྷ་ལྡན་གཙུག་ལག་ཁང་། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་སོགས་སུ་ཕེབས་ནས་དཔྱིད་གསར་དུས་ཆེན་རིང་གི་སྡོད་བྱ་དང་། ལས་གནས་བརྟན་སྲུང་། བདེ་འཇགས་བརྟན་ལྷིང་སོགས་ཀྱི་གཙོ་གནད་ལས་དོན་ལ་ཞིབ་བཤེར་དང་བཀོད་གཏོང་གནང་ནས་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ལས་བྱེད་པ་དང་ལས་བཟོ་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ། མེ་ཟོན་བཀོད་འཐབ་པ་བཅས་ལ་འཚམས་འདྲི་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་བློ་མཐུན་ཚོས་དཀའ་སྤྱད་འབད་འཐབ་བྱས་པར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད།
“ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ”ས་གནས་རེར་ཕེབས་རིམ་བཞིན་ལིའུ་ཅང་གིས་སྡོད་བྱ་དང་སྣེ་ཁྲིད་མཁན་ལ་ཕྱག་བཏང་བ་དང་མཇལ་དར་བསྒྲོན་ནས་ལོ་གསར་གྱི་སྨོན་འདུན་ཞུས་གནང་བ་རེད།
ལིའུ་ཅང་གིས་དུས་ཆེན་རིང་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱེད་པའི་ལས་འགན་དེ་བས་དཀའ་ཚེགས་ཆེ་བས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་འཁྱོངས་བྱེད་པ་དང་། མཐའ་ཚད་ཀྱི་བསམ་གཞིག་དང་མཐར་སོན་གྱི་བསམ་གཞིག་ཆེ་རུ་གཏོང་བ། སྡོད་བྱ་དང་སྣེ་ཁྲིད་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། དུས་ཆེན་རིང་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་སྲུང་སྐྱོང་། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་དམ་འཛིན་བྱེད་པ། བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་ཡོང་བར་སྐུལ་འདེད་གཏོང་བ། བདེ་འཇགས་སྐོར་གཡེང་དང་སྔོན་འགོག་ཚོད་འཛིན་དང་། མི་མང་འདུ་སའི་བདེ་འཇགས་འགོག་ཟོན། འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། ཐོལ་བྱུང་གི་གནས་ཚུལ་སྣ་ཚོགས་དུས་ཐོག་ཏུ་ཐག་གཅོད་དང་ཐག་གཅོད་ནུས་ལྡན་བཅས་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་ཐུབ་པར་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་ལེན་ནན་ཏན་བསྟར་བ་དང་། ཞབས་ཞུའི་ཁྲོད་དོ་དམ་ཐུབ་པ། བརྩེ་བ་དང་འགན་འཁྲིར་བརྟེན་ནས་ཁྲིམས་སྒྱུར་ཚད་ལྡན་དང་ཡ་རབས་ཀྱིས་བསྲུང་བྱ་བྱེད་པ་བཅས་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་གོ་རིམ་ལྡན་པ་དང་མང་ཚོགས་བདེ་འཇགས་ཁམས་བདེ་ཡོང་བའི་འགན་ལེན་བྱེད་དགོས། ཚན་རིག་དང་ལུགས་མཐུན་གྱི་སྡོད་བྱའི་ལས་གྲབས་བཀོད་སྒྲིག་དང་འཐབ་ས་དང་པོའི་ལས་དོན་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་ཚང་མའི་ལུས་སེམས་བདེ་ཐང་འགན་སྲུང་བྱས་ནས་གསོན་ཤུགས་རྒྱས་པའི་དཔུང་ཁག་གི་འཐབ་ནུས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ་རེད།