ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་དང་། ཁྲོམ་ར་ལྟ་འདོམས་ཅུས། སྨན་རྫས་ལྟ་འདོམས་ཅུས་བཅས་སུ་བརྟག་ཞིབ་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་དང་། ཁྲོམ་ར་ལྟ་འདོམས་ཅུས། སྨན་རྫས་ལྟ་འདོམས་ཅུས་བཅས་སུ་ཕེབས་ནས་ལས་ཀར་ཞིབ་བཤེར་མཛུབ་ཁྲིད་གནང་བ་དང་། ལས་བྱེད་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་ལས་བྱེད་ལས་བཟོར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།
ལྕགས་རྭ་བློ་བཟང་བསྟན་འཛིན་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།
རང་སྐྱོང་ལྗོངས་རྩིས་བཤེར་ཐིང་དུ་ཀརྨ་ཚེ་བརྟན་གྱིས་ལས་ཀའི་སྙན་སེང་གསན་པ་དང་འཐབ་ཕྱོགས་དང་པོའི་སྡེ་ཚན་ལ་ཕེབས་ཏེ་ལས་བྱེད་ལས་བཟོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། ཁོང་གིས་རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རྩིས་བཤེར་ལས་ཁུངས་ཀྱིས་རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་གཞིར་བཟུང་། སྤྱི་ཡོངས་ལ་དམིགས་ནས་འགན་འཁུར་ཕོད་པ་དང་། གཙོ་ལས་ལ་དམིགས་ཏེ་འགན་འཁྲི་སྒྲུབ་པར་ཤུགས་སྣོན་རྒྱག་པ། རྩིས་བཤེར་གྱིས་སྲིད་ཇུས་གལ་ཆེན་དང་གཙོ་གནད་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བར་ལྟ་འདོམས་ཡག་པོ་བྱས་ཏེ་མ་དངུལ་དམིགས་སར་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། དམངས་འཚོའི་སྲིད་ཇུས་ལག་བསྟར་གྱི་རྩིས་བཤེར་ལྟ་སྐུལ་ལས་དོན་ཡག་པོ་སྒྲུབ་པར་མཐོང་ཆེན་བྱེད་དགོས།
རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་12315ཞུ་གཏུག་ཐེར་འདོན་བཀོད་འདོམས་ལྟེ་གནས་སུ་ཀརྨ་ཚེ་བརྟན་གྱིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་གྱི་སྙན་སེང་གསན་པ་དང་། ཁོང་གིས། ཁྲོམ་རའི་ལྟ་འདོམས་ཀྱི་སྣེ་གཅིག་ནི་ཚོང་གཉེར་བྱེད་པོ་འབྲེལ་ཡོད་པ་དང་། སྣེ་གཞན་དེ་མི་སེར་གྱི་དམངས་འཚོ་དང་འབྲེལ་བས། ལྟ་འདོམས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཞབས་ཞུའི་ཐད་ཀའི་རང་བཞིན་དང་། མྱུར་མགྱོགས་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་གཏོང་དགོས་པ་དང་མི་སེར་གྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་བརྒྱབ་སྟེ་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་སུ་ཀརྨ་ཚེ་བརྟན་གྱིས་ཚོད་ལྟ་ཁང་དུ་ཕེབས་ནས་བཟའ་བཅའ་ཞིབ་བཤེར་དང་བོད་སྨན་ཚན་ཞིབ་སོགས་ཀྱི་ལས་དོན་མཁྱེན་རྟོགས་གནང་བ་རེད། ཁོང་གིས་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་ཧ་ཅང་ཆེ་བས།“ནན་ཤོས་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། བཟའ་བཅའ་ཐོན་སྐྱེད་བདེ་འཇགས་ཀྱི་ལྟ་འདོམས་ཆུ་ཚད་མཐོ་རུ་གཏོང་བ་དང་ལྟ་འདོམས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་ནས། མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད།
པའེ་དབྱི་སྒོ་རྩིས་ཚོང་ཁང་ལྷ་ས་བརྒྱ་ཟོག་ཚོང་ཁང་གི་དངོས་ཟོག་སྣ་མང་ཕུན་སུམ་ཚོགས་ཤིང་ལོ་གསར་གྱི་མཁོ་ཆས་ཉོ་བར་ཡོང་མཁན་འཛད་སྤྱོད་པ་མང་པོ་ཡོད་པ་རེད། ཀརྨ་ཚེ་བརྟན་གྱིས་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང“གསར་གཉིས”སྲིད་ཇུས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།