ཡན་ཅིན་ཧའེ་ཡིས་ལས་ཁུངས་སུ་བཅའ་སྡོད་དྲག་ཆས་ཉེན་རྟོག་དཔོན་དམག་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་མི་སྣར་འཚམས་འདྲི་གནང་བ།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་སུ་བཅའ་སྡོད་དྲག་ཆས་ཉེན་རྟོག་དཔོན་དམག་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོར་ལྷག་བསམ་ཟོལ་མེད་ངང་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་པའི་སྨོན་འདུན་བཟང་པོའང་ཞུས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་སྒོ་རའི་ནང་། དྲག་ཆས་ཉེན་རྟོག་དཔོན་དམག་ཚོའི་དམག་ཆས་གཙང་ཞིང་གྲལ་སྟར་འགྲིག་པོ་ཡོད། ཡན་ཅིན་ཧའེ་ཡིས་ལས་གནས་སུ་ཡོད་པའི་འཐབ་འཛིང་པ་ཚོར་ཁ་བཏགས་གཡོགས་ནས་ལས་རེས་དང་། སྦྱོང་བརྡར། འཚོ་བ་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་སྟེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་ཁོང་ཚོས་དཀའ་ངལ་ཁྱད་དུ་བསད་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་དུས་ཡུན་རིང་པོའི་ནང་། རྒྱ་ཆེའི་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་ཆར་རླུང་ལ་མ་འཛེམས་པར་ལས་གནས་སུ་ལས་སྒྲུབ་ཀྱིས་མི་དམངས་འཐུས་ཚོགས་ལས་ཁུངས་སུ་བདེ་འཇགས་དང་རྒྱུན་གཏན་འཁོར་སྐྱོད་སྲུང་སྐྱོང་ལ་ནུས་པ་ཆེན་པོ་བཏོན་ཡོད། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་སྤྱོད་ཚུལ་ལེགས་པའི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་། དམག་འཐབ་ལ་མཁས་པ་དང་འཐབ་ན་རྒྱལ་ངེས་ཀྱི་འབད་འཐབ་སྙིང་སྟོབས་དར་སྤེལ་བཏང་སྟེ་ལས་གནས་སྲུང་བར་འགན་འཁྲི་ཡོད་པ་དང་། ལས་གནས་སྲུང་བར་འགན་འཁྲི་ཁུར་ཕོད་པ། ལས་གནས་སྲུང་བར་འགན་འཁྲི་གཙང་སྒྲུབ་བཅས་མཐའ་འཁྱོངས་བྱས་ནས་སྐུ་སྲུང་གི་ལས་འགན་ཁག་དེ་བས་གཟེངས་སུ་ཐོན་པའི་སྒོ་ནས་སྒྲུབ་དགོས་པའི་ཐུགས་རེ་གནང་བ་རེད།
ཡན་ཅིན་ཧའེ་ཡིས་དྲོད་གཏོང་ཁྲོ་ཐབ་ཁང་གི་ལས་རེས་ཁང་དང་སྒྲིག་ཆས་ཁང་དུ་ཕེབས་ནས་དྲོད་གཏོང་སྒྲིག་ཆས་ཁག་གི་འཁོར་རྒྱུག་གནས་ཚུལ་ལ་གཟིགས་ཞིབ་གནང་སྟེ། དུས་ཆེན་རིང་བདེ་འཇགས་ངང་དྲོད་གཏོང་དང་ལས་རེས་དང་ལས་གནས་བརྟན་སྲུང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།