ཝང་ཅུན་ཀྲེང་གིས་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ལ་འཚམས་འདྲི་གནང་བ།
དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་ཀྱི་ཚེས་26ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་ལྷ་སར་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ལ་གཟིགས་ནས་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་དམག་དཔུང་འཛུགས་སྐྱོང་དང་སྦྱོང་བརྡར་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་ཀྱི་ཚེས་26ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་ལྷ་སར་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ལ་གཟིགས་ནས་འཚམས་འདྲི་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སྲིད་གཞུང་། སྲིད་གྲོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་རྒྱ་ཆེའི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག དམག་ཞབས་ཐིམ་པའི་དམག་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།
ལིའུ་ཅང་དང་། ཡོན་ཧུང་ཀང་། ཐན་སི་ལུང་། རྒྱལ་མཚན། བསྟན་པ། མོང་ཞའོ་ལིན། ཀྲའོ་ཡུང་ཧྲེང་། ཀྲང་ཡུང་མིན། ཕེང་ཅུན་ཞ། ཁྲེན་དབྱི་ཕེང་བཅས་ཞུགས་ཡོད་པ་རེད།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བོད་སྡོད་དཔུང་སྡེ་ཞིག་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཡན་ལག་རུ་ཁག་ཅིག་ཏུ་ཝང་ཅུན་ཀྲེང་གིས་དམག་དཔུང་འཛུགས་སྐྱོང་དང་སྦྱོང་བརྡར་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་དཔོན་དམག་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། ཝང་ཅུན་ཀྲེང་གིས་བོད་ལ་སྔར་ནས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་ལྡན་ལ། དམག་སྲིད་དང་དམག་དམངས་ཀྱི་འབྲེལ་བ་གཞོམ་ཞིག་མེད་པའི་བྲག་རྡོ་ལྟར་བརྟན་པོ་ཡོད། དུས་ཡུན་རིང་པོའི་ནང་། བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་ནན་ཏན་བྱས་ཏེ། མི་དམངས་དམག་དཔུང་གི་རྩ་བའི་དམིགས་ཡུལ་དོན་འཁྱོལ་དང་གཞི་རིམ་དུ་ལག་བསྟར་བྱེད་པ་དང་། བོད་འདི་ཉིད་ཕ་ཡུལ་ལ་བརྩི་བ་དང་མང་ཚོགས་གཉེན་ཉེར་བརྩིས་ནས་ས་མཐོར་རྩ་བ་ཚུགས་པ་དང་མཐའ་མཚམས་ལ་ལེགས་སྐྱེས་འབུལ་བ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་བཅས་བྱས་ནས། བརྟན་ལྷིང་སྲུང་སྐྱོང་གི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་། ཉེན་སེལ་རོགས་སྐྱོབ། མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ལྷག་པར་དུ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཡོམ་འགོག་གེགས་སེལ་ཁྲོད། བཀའ་འབྱོར་འཕྲལ་སྒྲུབ་དང་། བཀའ་འབྱོར་འཕྲལ་སྐྱོད། ཛ་དྲག་མྱུར་སྐྱོབ། འཕྲལ་མར་གདོང་མཆོང་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱས་པ་དང་ས་གནས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་གནས་སྐབས་བཀོད་སྒྲིག་དང་། འཚོ་བའི་འགན་ལེན། སྨན་བཅོས་རོགས་སྐྱོབ་བཅས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་ཏེ། མི་དམངས་དམག་དཔུང་གིས་མི་དམངས་ལ་བཅངས་པའི་ལྷད་མེད་བརྩེ་སེམས་མངོན་པར་བྱས་ནས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁའི་དམག་རྒྱག་ཐུབ་པ།
སྤྱོད་ཚུལ་བཟང་པོ་བཅས་ཀྱི་བསམ་པའི་གཤིས་རྒྱུད་ལ་སྦྱོང་བརྡར་སྤྲས་པས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལོ་གསར་པར་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཆབ་སྲིད་སྦྱོང་སྒྲིག་ཟབ་ཏུ་རྒྱུན་མཐུད་གཏོང་བ་དང་། རྒྱུན་གཏན་གྱི་སྦྱོང་བརྡར་ལ་དམ་འཛིན་ཏན་ཏིག་བྱེད་པ། དམག་དོན་གྱི་བྱང་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་པ་བཅས་བྱས་ནས། རྙོག་འཛིང་ཆེ་བའི་གནས་ཚུལ་ལ་ཁ་གཏད་གཅོག་ནུས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་རྒྱུའི་རེ་བ་ཡོད། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་ཀྱིས“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམིགས་ནས། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ས་གནས་ཀྱི་འཕེལ་རྒྱས་ནང་ཧུར་ཐག་ཞུགས་པ་དང་དེར་རྒྱབ་སྐྱོར་བྱེད་པ། དམག་དཔུང་དང་ས་གནས་སེམས་མཐུན་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཏེ། དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་སྲ་བརྟན་དང་རྒྱ་སྐྱེད་རྒྱུན་མཐུད་གཏོང་དགོས།
རྒྱ་ཆེའི་དཔོན་དམག་ཚོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་དེ་ཟད་མེད་སྒུལ་ཤུགས་སུ་བསྒྱུར་ནས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་། བསམ་པའི་ཉམས་འགྱུར་ལེགས་པོ། འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོ་བཅས་ལ་བརྟེན་ནས་དཔུང་སྡེ་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་བ་དང་། མཉམ་ལས་མཉམ་འགུལ་ལ་སྔར་བས་ཤུགས་སྣོན་རྒྱག་པ། དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་སྲ་བརྟན་དུ་རྒྱུན་མཐུད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སླར་ཡང་བྱས་རྗེས་གསར་པ་འཇོག་གི་ཡིན་ཞེས་བརྗོད་པ་རེད།