དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང་གིས་ལྷ་སར་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-28

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་ཀྱི་ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ལྷ་སར་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་དང་ཁོང་ཚོའི་རྗེས་རབས་པར་འཚམས་འདྲི་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། སྲིད་གཞུང་། སྲིད་གྲོས་བཅས་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། ཀྲུའུ་རེན་ཡན་ཅིན་ཧའེ། ཀྲུའུ་ཞི་ཀརྨ་ཚེ་བརྟན་བཅས་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།

    ཀྲང་ཡན་ཆིང་དང་། ཞུས་ཀྲི་ཐའོ། སྒྲོལ་དཀར་བཅས་འཚམས་འདྲི་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    ལིའུ་ཅང་དང་བཅས་པས་སྔ་རྗེས་སུ་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དཔལ་ལྡན་དོན་ཡོད་དང་། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣའི་རྗེས་རབས་པ་དགེ་བ་འོད། ཏང་ཕྱིའི་ཤེས་ཡོན་ཅན་ཐུབ་བསྟན་མཁས་གྲུབ། ཚུར་ལོག་བོད་རིགས་སྤུན་ཟླ་བསྟན་འཛིན་རབ་པ། དམངས་གཉེར་དཔལ་འབྱོར་མི་སྣ་བདེ་ཆེན་གཡུ་སྒྲོན་བཅས་ལ་འཚམས་འདྲི་གནང་བ་རེད། ས་ཆ་གང་དུ་ཕེབས་རིམ་བཞིན་ལིའུ་ཅང་གིས་ཁོང་ཚོར་དཀར་གཙང་མཇལ་དར་བསྒྲོན་ནས་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་འབྲེལ་ཁོང་ཚོའི་ལས་ཀ་དང་། འཚོ་བ། དེ་བཞིན་གཟུགས་པོའི་གནས་ཚུལ་བཅས་བཀའ་འདྲི་གནང་བ་མ་ཟད། ཁོང་ཚོས་བོད་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

    ལིའུ་ཅང་གིས་2024ལོའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས། ལྗོངས་ཡོངས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་ལས་དོན་ཁག་གི་རྣམ་པ་གསར་པ་གཏོད་རྒྱུའི་རེ་བ་ཡོད། ཆོས་ལུགས་ལས་རིགས་ཀྱི་མི་སྣས“ཚད་གཞི་བཞིར”བརྩི་སྲུང་ཞུ་བ་དང“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཏུ་བཏང་ནས། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ཏེ། བོད་རྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣའི་རྗེས་རབས་ཀྱིས་བརྗོད་དོན་གཙོ་བོ་དར་སྤེལ་དང་དྲང་ནུས་གཅིག་སྡུད་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཁྲོད་ལེགས་སྐྱེས་མང་ཙམ་འབུལ་དགོས་ཞེས་གསུངས་པ་རེད།

    རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐུགས་ཁུར་དང་འཚམས་འདྲི་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། བོད་ཀྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་སེམས་གཏིང་ནས་དགའ་པོ་བྱུང་ཞེས་བརྗོད་ཅིང་། ཁོང་ཚོས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་ངེས་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།