རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་དོན་གྲོས་ཚོགས་དང་ཡན་ལག་དམག་ཁུལ་ཁང(ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང)ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་འགན་སྒྲུབ་གསལ་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ།
ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།
ཚེས་24ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་དོན་གྲོས་ཚོགས་དང་ཡན་ལག་དམག་ཁུལ་ཁང(ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང)ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་འགན་སྒྲུབ་གསལ་ཞུའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།
ཀརྨ་ཚེ་བརྟན་དང་། ལིའུ་ཅང་། ཡོན་ཧུང་ཀང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཀྲའོ་ཡུང་ཧྲེང་། ཐན་སི་ལུང་། དབྱང་མོང་། ཁྲེན་དབྱི་ཕེང་བཅས་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། 2024ལོའི་རྒྱལ་སྲུང་སྐུལ་སློང་ལས་དོན་གནས་ཚུལ་བརྡ་ཁྱབ་བཏང་བ། དམག་ཁུལ་ཁང(ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང)ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་འགན་སྒྲུབ་གསལ་ཞུ་ཉན་པ། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་ལ་དཔྱད་བསྡུར་བྱས་པ་བཅས་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། 2024ལོར། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། སེམས་ནུས་དང་བརྩེ་སེམས་དངོས་ལ་བརྟེན་ནས་དམག་བཀུར་དྲག་དར་བཅས་བྱས་ཏེ། དུས་རབས་གསར་པའི་མི་དམངས་དྲག་ཆས་ལས་དོན་ལ་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་གཏོང་དགོས། བོད་སྡོད་བཅིངས་འགྲོལ་དམག་གི་དཔོན་དམག་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། དར་ཆ་བསྒྲེངས་ནས་བློ་སྦྱོང་དང་རྩ་བ་བརྟན་དུ་གཏོང་བ་དང་། འགན་འཁྲི་དང་ལས་འགན་ལ་དམིགས་ནས་དམག་གྲབས་ལ་དམ་འཛིན་བྱེད་པ། གསར་དར་ཁྱབ་ཁོངས་མངོན་གསལ་དོད་དུ་བཏང་ནས་སྐུལ་སློང་ཤུགས་ཆེན་བྱེད་པ། སྲོལ་རྒྱུན་བཟང་པོ་དར་སྤེལ་གྱིས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར། མི་དམངས་དྲག་ཆས་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་སྔར་བས་ཆེར་གཏོང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བཅས་བྱས་ཏེ། རང་འགན་ཐེག་པ་ཁུར་ལེན་གྱི་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། རྒྱལ་སྲུང་མཐའ་སྲུང་གི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ཁུར་ནས། ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་གཏོང་། རྒྱལ་སྲུང་སྐུལ་སློང་འཛུགས་སྐྱོང་ལ་ཤུགས་སྣོན། རྒྱལ་སྲུང་སྐུལ་སློང་གི་བཀོད་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་རྒྱལ་སྲུང་སྐུལ་སློང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཡུལ་དམག་གི་གྲུབ་ཆའི་བཀོད་པ་ལེགས་སུ་གཏོང་བ་དང་། རྗེས་གྲབས་སྟོབས་ཤུགས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ། “ཐུན་མོང་ལྔ་དང་སྲ་བརྟན་ལྔ”ཆ་སྒྲིག་མཉམ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་ཁག་དོན་འཁྱོལ་ཏན་ཏིག་བྱེད་དགོས། གཉིས་བཀུར་མཉམ་སྐྲུན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། དམག་དཔུང་དང་ས་གནས། དམག་དམངས་དབར་འབྲེལ་བ་བྱེད་པའི་གཉིས་བཀུར་མཉམ་སྐྲུན་གྱི་ཟམ་པ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱེད་པ་དང་། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་། གསར་སྤེལ་དང་བེད་སྤྱོད་ཡག་པོ་བཅས་བྱེད་པ། དུས་རབས་གསར་པའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་མུ་མཐུད་དུ་ཟབ་ཏུ་གཏོང་བ། དཔོན་དམག་གི“རྗེས་རབས་པ་དང་། ནང་མི། མདུན་ལམ”བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་པ། སེམས་ནུས་དང་བརྩེ་སེམས་དངོས་ལ་བརྟེན་ནས་དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་དམག་མིར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། དུས་རབས་གསར་པའི་དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། བོད་སྡོད་དཔུང་སྡེས་ས་གནས་འཕེལ་རྒྱས་ལ་མུ་མཐུད་དོ་ཁུར་དང་རྒྱབ་སྐྱོར་བྱས་ཏེ་གྲོང་གསེབ་དར་རྒྱས་དང་། སྤྱི་ཚོགས་བཅོས་སྐྱོང་། ཉེན་སྐྱོབ་གེགས་སེལ་སོགས་ཀྱི་ལས་འགན་ནང་རང་འགུལ་ངང་ཞུགས་རྒྱུའི་རེ་བ་ཡོད། བོད་དམག་ཁུལ་ཁང་གིས་སྤྱི་འདོམས་འབྲེལ་མཐུད་ཡག་པོ་བྱས་ཏེ་བོད་སྡོད་དཔུང་སྡེ་དང་ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་པར་མཐུན་སྦྱོར་བྱས་ཏེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དམག་དམངས་མཐུན་སྒྲིལ་གྱིས་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་པའི་ལེའུ་གསར་པ་རྩོམ་དགོས།