ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཨུ་ལྷན་གྱི་ཀྲུའུ་རེན་གཞུང་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་རྒྱལ་ཁབ་ས་ཆ་བར་མཐོངས་འཆར་འགོད་ཨུ་ལྷན་གྱི་ཀྲུའུ་རེན་གཞུང་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
རེན་ཝེ་དང་། ཤའོ་ཡིའུ་ཚེ། ཝུའེ་ཤིའུ་ཁྲང་། ཞུས་ཀྲི་ཐའོ། ཚེ་རིང་ཕུན་ཚོགས། ཀྲང་ལི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག《ལྷ་སའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་སྲུང་སྐྱོང་འཆར་འགོད(2021ལོ་ནས་2035ལོ་བར)》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)ལ་གྲོས་ཞིབ་བྱས་པ་རེད།
ཀརྨ་ཚེ་བརྟན་གྱིས། ལྷ་ས་ནི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་གྲོང་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཁག་དང་པོའི་གྲས་ཀྱང་ཡིན། 《འཆར་འགོད》ནི་ལྷ་སའི་ལོ་རྒྱུས་རིག་གནས་སྲུང་སྐྱོང་གི་སྤྱིའི་རྩ་འཛིན་ཞིག་རེད། ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་སྐོར་གྱི་རྣམ་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། རང་འགུལ་ངང་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱིའི་བཀོད་སྒྲིག་བླང་བྱ་དང་ཡང་ཡང་བསྡུར་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་གལ་ཆེན་དང་འཆར་འགོད་གལ་ཆེན་གྱི་ཁ་ཕྱོགས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱེད་པ། ལས་འགན་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་སྔར་བས་ཆེ་རུ་གཏོང་བ། གོང་འོག་གཞི་གཅིག་དང་མཐུན་སྦྱོར་གཞོགས་འདེགས་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་དོན་ཡག་པོ་སྒྲུབ་དགོས།
ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དེ་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་གྲོང་ཁྱེར་འཆར་འགོད་དང་། སྲུང་སྐྱོང་། འཛུགས་སྐྲུན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ཅིའི་ཐད་མཉམ་འདྲེས་ཐུབ་པ་བྱེད་དགོས། སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། སྲུང་སྐྱོང་ཁྲོད་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། གསར་དུ་བཟོ་བཅོས་བརྒྱབ་པའི་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་གཏིང་ཟབ་བྱེད་པ། རིག་དངོས་སྲུང་སྐྱོང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ལོ་རྒྱུས་རིག་གནས་ཤུལ་བཞག་གལ་ཆེན་ཇི་མ་ཇི་བཞིན་དང་ཆ་ཚང་བའི་ངང་སྲུང་སྐྱོང་ཡག་པོ་བྱེད་དགོས། འཆར་འགོད་མཐའ་གཅིག་ཏུ་འགོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འཆར་འགོད་ཇུས་འགོད་སྤྱི་འདོམས་ཡག་པོ་བྱེད་པ། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས། ལས་དོན་གཏིང་ཟབ་དང་ཞིབ་ཚགས་ངང་སྒྲུབ་པ། ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་སྲུང་སྐྱོང་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ། རིགས་ཁག་གི་ལས་རྣམ་སྐྱོན་བྲལ་དང་བརྒྱུད་རིམ་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་བཅས་བྱས་ཏེ་གྲོང་ཁྱེར་གྱི་གཟུགས་བརྙན་སྔར་བས་ལེགས་སུ་གཏོང་བ་དང་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། འགན་སྲུང་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། 《འཆར་འགོད》ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཇི་མ་ཇི་བཞིན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། འཆར་འགོད་ཀྱི་གཟབ་ནན་རང་བཞིན་དང་། དབང་གྲགས་རང་བཞིན། ཁ་ཕྱོགས་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་སྲུང་སྐྱོང་ཏན་ཏིག་བྱས་ཏེ། ལྷ་སའི་གནའ་གྲོང་ལྟེ་བའི་ཁུལ་སོགས་གཙོ་གནད་ས་ཁུལ་གྱི་རྣམ་པ་འབུར་དུ་ཐོན་པ་བྱེད་དགོས་པ་མ་ཟད། གྲོང་ཁྱེར་ཧྲིལ་པོའི་ཇུས་འགོད་འཛུགས་སྐྲུན་གྱི་བཀོད་པ་དང་ཕན་ཚུན་མཐུན་སྦྱོར་ཐུབ་པ་བྱེད་དགོས་ལ། ལྷ་སའི་འཛམ་གླིང་རིམ་པའི་ཡུལ་སྐོར་དམིགས་སའི་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ནས། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ལྷ་སའི་ལོ་རྒྱུས་རིག་གནས་སྲུང་སྐྱོང་ལ་སེམས་ཁུར་དང་། བསམ་ཤེས། རྒྱབ་སྐྱོར་བཅས་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་མཉམ་དུ་གཏོད་དགོས་ཞེས་གསུངས་པ་རེད།