དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ནན་བཤད་གནང་དོན།

    སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོའི་ཐོག་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་འགན་ལེན་བརྟན་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-25

    ཟླ་1ཚེས་23ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བཞིན་པ།

    ཟླ་1ཚེས་23ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    ཚེས་23ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོའི་ཐོག་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་མཐའ་འཁྱོངས་ཀྱིས་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ་བཅས་ཚོགས་འདུར་ཞུགས་པ་དང་། ཅང་ཝུན་ཕེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། 2024ལོར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་དབྱང་སྒྲིག་ཨུད་ཀྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་དོན་འཁྱོལ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ། རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མ་བློ་སེམས་གཅིག་མཐུན་དང་ནུས་ཤུགས་ཡོད་རྒུས་བྱ་བ་སྒྲུབ་པའི་ལས་ཀའི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད། དུས་མཚུངས་སུ་རང་ལྗོངས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོད་པ་ངོས་འཛིན་གསལ་པོ་བྱེད་དགོས།

    ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་མཐའ་འཁྱོངས་ཀྱིས་དུས་བབ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་རྟོགས་རང་བཞིན་དང་བརྟན་པོའི་རང་བཞིན་སྔར་བས་ཆེ་རུ་གཏོང་བ། རྒྱུན་བསྲིངས་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱས་ཏེ་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོར་བརྟེན་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འགན་ལེན་བརྟན་པོ་བྱེད་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས“སྲུང་སྐྱོང་གཉིས”ཆབ་སྲིད་ལྟ་སྐུལ་གྱི་རྩ་བའི་ལས་འགན་དུ་བརྩི་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་མངོན་གསལ་དོད་པའི་གནས་བབ་ལ་འཇོག་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ལྟ་སྐུལ་གྱི་ནང་དོན་གལ་ཆེན་དུ་བརྩི་བ་བཅས་བྱས་ཏེ་ཆབ་སྲིད་ལྟ་སྐུལ་གྱི་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་ལྡན་ཅན་བཅས་ལ་སྐུལ་འདེད་གཏོང་བ་དང་ལྟ་སྐུལ་གྱི་སྤུས་ཚད་མཐོ་རུ་དང་ཕན་ནུས་མུ་མཐུད་ཆེ་རུ་བཏང་ནས་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཚོས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་ཧུར་ཐག་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་ལ་ཤུགས་སྣོན་དང་སྒྲིག་ཁྲིམས་ཀྱི་རང་རྟོགས་ཇེ་ཆེར་གཏོང་བ། སྒྲིག་ཁྲིམས་སློབ་གསོའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་སྒྲིག་ཁྲིམས་ལག་བསྟར་ནན་པོ་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པས་གཞན་གཅུན་དེ་རང་གཅུན་དུ་འགྱུར་བ་དང་ཉིན་རྒྱུན་སྤྱོད་པས་མི་ཚོར་བ་ནང་སེམས་རྒྱུད་ལ་འཇགས་པའི་གཏམ་སྤྱོད་ཀྱི་ཚད་གཞིར་འགྱུར་བར་ཁྲིད་སྟོན་བྱས་ཏེ། སྒྲིག་བཀུར་ཁྲིམས་སྲུང་ཁྲོད་སྒྱུར་བཅོས་གསར་གཏོད་དང་ལས་སྒྲུབ་ལས་གཏོད་བྱེད་དགོས། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་མཉམ་ཞིབ་མཉམ་བཅོས་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་མཉམ་འདྲེས་ཀྱི་གནད་དོན་ལ“མཉམ་ཞིབ”བྱས་ཏེ་ཚུལ་མིན་སྤྱོད་ཚུལ་ལ་བརྟེན་ནས་རུལ་སུངས་ལ་ཞིབ་བཤེར་དང་རུལ་སུངས་ལ་བརྟེན་ནས་ཚུལ་མིན་སྤྱོད་ཚུལ་ལ་ཡོ་བསྲང་བྱེད་པ་དང་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གྱི་ཐུན་མོང་རང་བཞིན་གྱི་འབྱུང་རྩ“མཉམ་བཅོས”བྱས་ཏེ་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་མཉམ་བཅོས་བྱེད་པའི་འདུ་ཤེས་གྱོད་གཞི་ཞིབ་གཅོད་དང་། དག་ཐེར་ཡོ་བསྲང་། ཉེན་གཏོང་སློབ་གསོ་སོགས་ཕྱོགས་ཁག་ཏུ་ཁྱབ་པར་བྱས་ཏེ། ཏང་ཡོན་ལས་བྱེད་པས་ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་ལྟ་སྐུལ་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ལྟ་སྐུལ་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ། “སྦྲང་ཟ་གྲོག་གནོད”རྒྱུན་མཐུད་བཅོས་སྐྱོང་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་ཤུགས་ཆེན་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། ཕུགས་ཕན་གྱི་ལས་ཀའི་ལམ་སྲོལ་ཧུར་ཐག་འཛུགས་པ། རྒྱ་ཆེའི་གཞི་རིམ་ལས་བྱེད་པས་སེམས་ཤུགས་དེ་བས་ཆེ་བའི་སྒོ་ནས་བྱ་བ་དངོས་སྒྲུབ་པ་དང་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་མཐུད་དམག་འཐབ། སྤྱི་ཡོངས་ཀྱི་དམག་འཐབ་བཅས་བློ་བརྟན་འགྱུར་མེད་ངང་ཡག་པོ་རྒྱག་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་འགན་འཁྲི་ཤེས་པ་དང་། འགན་འཁྲི་འཁུར་པ། འགན་འཁྲི་བསྒྲུབ་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་ཏན་ཏིག་ཁུར་ཏེ་བྱེད་པོའི་འགན་འཁྲི་ཧུར་ཐག་སྒྲུབས་དགོས། རིམ་ཁག་སྒྲིག་ཨུད་ཀྱིས་གཙོ་འགན་གཙོ་ལས་ལ་དམིགས་པ་དང་། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བ། སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་སྲོལ་དང་། སྒྲིག་ལམ། བཅའ་ཁྲིམས་བཅས་གཞིར་བཟུང་འགན་འཁྲི་ནན་པོ་བསྒྲུབས་ནས་སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པ་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་། བློས་འགེལ་ཆོག་པ། དྭངས་གཙང་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་དང་། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་ཧྲག་པོ་ཞིག་ཏུ་ཧུར་ཐག་གྱུར་བ་བྱས་ཏེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཕུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས།

    དེ་རྗེས་འཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཅང་ཝུན་ཕེང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།