དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-23

     ཚེས་22ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་གྲོལ་རྗེས། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་མགྱོགས་མྱུར་དོན་འཁྱོལ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་གཙོ་གནད་ལས་འགན་དབྱེ་ཞིབ་ཞིབ་ཕྲ། རྨོ་ཞིང་སྲུང་སྐྱོང་དང་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་ད་ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་བཏོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་གཅིག་ཏུ་བསྡུས་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཐུགས་ཁུར་མཚོན་པ། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་རེ་སྒུག་ཟབ་མོ་གཅིག་ཏུ་སྒྲིལ་བ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བའི་ལས་འགན་གལ་ཆེན་འཁུར་བ་དེ་ནི་སྲིད་གཞུང་གི་གཟི་བརྗིད་ལྡན་པའི་ཁས་ལེན་ཞིག་ཡིན་ལ། ལོ་ཧྲིལ་པོའི་ལས་ཀའི་ལས་འགན་ཡི་གེ་དང་། དུས་ཚོད་རེའུ་མིག ལམ་རིས་བཅས་ཀྱང་ཡིན་པས། ངེས་པར་དུ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ལ་དམ་འཛིན་གྱིས་ཕན་འབྲས་དངོས་ཐོན་པར་བྱེད་དགོས། གདོང་མཆོང་དང་འབད་བརྩོན་བྱེད་ཕོད་པའི་ཐོག་ནས་དོན་འཁྱོལ་ལ་དམ་འཛིན་གྱིས་ཡིད་ཆེས་དང་ཆོད་སེམས་རྒྱུན་འཁྱོངས་དང་འབད་བརྩོན་དང་ངར་ཤུགས་འདོན་པ་དང་། གཙོ་གནད་ལ་དམིགས་ཏེ་སྐུལ་འདེད་ལ་དམ་འཛིན་དང་། འགག་རྩར་དམིགས་ཏེ་འཕེལ་རྒྱས་ལ་དམ་འཛིན། གནད་དོན་ལ་དམིགས་ཏེ་འགག་སྒྲོལ་ལ་དམ་འཛིན་བཅས་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ཁག་ཁ་བཤད་གནད་སྨིན་ངང་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་གྱིས“འཕྲལ་མར་སྒྲུབ་པ་དང་དམ་འཛིན་དངོས་སྒྲུབ”ཀྱི་ལས་ཀའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་སྟེ་ལག་བསྟར་པ་དང་། བྱ་སྤྱོད་པ། དངོས་སྒྲུབ་པ་བཅས་བློ་རྩ་བརྟན་པོས་ཡག་པོ་བྱེད་པ་དང་མདུན་དུ་བསྐྱོད་དེ་འགན་འཁྲི་ལྕི་པོ་འཁུར་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། འབྲུ་རིགས་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པ་དང་རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་ཡིན། དུས་དང་རྣམ་པ་ཀུན་ཏུ་འབྲུ་རིགས་བདེ་འཇགས་ཀྱི་གཙོ་གནད་དེར་དམ་འཛིན་བྱས་ནས་རྨོ་ཞིང་གི་གྲངས་འབོར་སྲུང་སྐྱོང་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་ནན་པོ་སྒྲུབ་པ་བཅས་བྱས་ཏེ་རྨོ་ཞིང་གི་དམར་ཐིག་ཡག་པོ་སྲུང་བ་དང་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། གྲོང་ཁྱེར་དང་གྲོང་རྡལ་ཅན་ནི་དེང་རབས་ཅན་གྱི་འགྲོ་ལམ་ལྡོག་མེད་དེ་ཡིན། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་གཞི་ཁྱོན་དང་ཁྱད་ཆོས་དང་། སྤུས་ཚད་དང་མཉེན་ཆ། སྤུས་ལེགས་དང་དོ་སྙོམས། སྲུང་སྐྱོང་དང་འཕེལ་རྒྱས་བཅས་ཀྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱེད་པ་དང་། མི་རྩ་བར་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། གྲོང་ཁྱེར་ལ་བརྟེན་ནས་མི་འདུ་འཛོམས་བྱེད་ཤུགས་ཆེ་རུ་གཏོང་བ། གནད་གཅིག་གིས་ཁྱོན་ཡོངས་ཁྲིད་རྒྱུ་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་དགོས།

    ཚོགས་འདུའི་ཐོག་ད་དུང་གཞུང་ཁོངས་རིག་རྩལ་ཚོགས་པའི་སྒྱུར་བཅོས་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།