དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>བློ་བཟང་རྒྱལ་མཚན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

    ཝང་ཅུན་ཀྲེང་དང་། ཡན་ཅིན་ཧའེ། ཀརྨ་ཚེ་བརྟན། ལིའུ་ཅང་སོགས་ཀྲུའུ་ཞི་སྡིངས་ཆར་བཞུགས་པ་དང་། བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-21

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་ཆེན་ལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ།

    ཚེས་20ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་གསན་པ་རེད།

    ཚོགས་འདུར་ཞུགས་དགོས་པའི་འཐུས་མི་428ཡོད་པ་དང་དངོས་སུ་ཞུགས་མཁན་འཐུས་མི་376ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

    ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཀརྨ་ཚེ་བརྟན། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཅང་ཝུན་ཕེང་། རྒྱལ་མཚན། ཝང་ཅུན། ཀྲང་ཡན་ཆིང་། ཞུས་ཁྲེང་ཚང་། འཇམ་དཔལ། ཐང་མིང་དབྱིན། ལིའུ་པོ་ཁྲེང་། ལི་ཝུན་ཀེ། སུན་ཤན་ཀྲུང་། ལིའུ་ཀོང་ཤུས་བཅས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་ཀྲུའུ་ཞི་སྡིངས་ཆར་བཞུགས་ཡོད་པ་རེད།

    ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བསྟན་ཁོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་ཆེན་ལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ་རེད། ཁོང་གིས། འདས་ཟིན་པའི་ལོ་གཅིག་ནང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་ཡོང་བ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་བཀོད་སྒྲིག་གཞིར་བཟུང“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སྤེལ་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ལོ་གཅིག་རིང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་7འཚོགས་པ་དང་། ཁྲིམས་སྲོལ་གྱི་གྲོས་གཞི་ཁག་19ལ་གྲོས་ཞིབ་བྱས་པ་དང་གྲོས་གཞི་ཁག་16གྲོས་འཆམ་བྱུང་བ། ཆུས་བཙུགས་པའི་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་17ལ་ཞིབ་བཤེར་ཆོག་མཆན་སྤྲད་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་4ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་ཏེ་ཁྲིམས་སྐྱོང་ལས་དོན་གྱི་གོམ་སྟབས་བརྟན་པོ་སྤོས་ཡོད། སྙན་ཞུ་ཁག་25ཉན་ནས་གྲོས་ཞིབ་བྱས་པ་དང་། ཆེད་དོན་འདྲི་རྩད་ཐེངས་1བྱས་པ་མ་ཟད། བློ་ཡིད་ཚིམས་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་པ། བརྟག་ཞིབ་སྣ་ཚོགས་ཐེངས་53བྱས་པ། གྲོས་ཆོད་གཏན་འབེབས་ཁག་19བཟོས་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་གསུངས་དོན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཀྱི་རྩ་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་ཐུག་ཅིང་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྲ་ཞིང་བརྟན་པའི་འགོ་ཁྲིད་གནང་བའི་འབྲས་བུ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་དང་། རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་མི་སྣ། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་དོན་མི་སྣ་བཅས་ཀྱིས་རང་འགན་གཙང་སྒྲུབ་དང་དཀའ་སྤྱད་ལས་བརྩོན་བྱས་པའི་འབྲས་བུ། “སྲིད་གཞུང་གཅིག་དང་། ཨུ་ལྷན་གཅིག ཁང་གཉིས”བཅས་དང་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་གཞོགས་འདེགས་དམ་ཟབ་དང་ཕྱར་བ་གྲུ་འདེགས་བྱས་པའི་འབྲས་བུ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཡིད་ཆེས་ཆེན་པོ་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་བཅས་རེད།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཡིན་ལ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་ཀྱང་རེད། ད་ལོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཁོང་གིས་ཕྱོགས་དྲུག་ཐད་ནས་གཙོ་གནད་ཐོག་བཀོད་སྒྲིག་གནང་བ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཁ་ཕྱོགས་ཆེན་པོ་དང་། རྩ་དོན་ཆེན་པོ། གནས་ལུགས་ཆེན་པོ་བཅས་བརྟན་སྲུང་བྱེད་དགོས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱ་རྒྱུ་འགན་ལེན་བྱེད་པའི་མི་དམངས་འཐུས་ཚོགས་ཀྱི་ནུས་པ་གལ་ཆེན་གང་ལེགས་བཏོན་ཏེ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་། ལ་རྒྱ། དབང་གྲགས་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་གཙོ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ“དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”ཁྲིམས་སྐྱོང་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་དགོས་པ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་ནུས་པ་གལ་ཆེན་གང་ལེགས་བཏོན་ཏེ། ལྟ་སྐུལ་ལས་དོན་གྱི་ཕན་འབྲས་ཆེན་པོ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་དེ་བས་ལེགས་པར་བྱེད་དགོས་པ། “ལས་ཁུངས་བཞིའི”ངེས་གནས་ཀྱི་བླང་བྱ་ཁོང་དུ་ནན་པོ་ཆུད་པར་བྱས་ཏེ། མི་དམངས་འཐུས་ཚོགས་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།

    རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཚེ་བརྟན་གྱིས་སྙན་སྒྲོན་ནང་། 2025ལོར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཆབ་སྲིད་ཐད་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་ཚུགས་གནས་མཐོ་པོས་ཆབ་སྲིད་ཐད་ལྷག་བསམ་རྣམ་དག་བྱེད་སེམས་བརྟན་དུ་གཏོང་རྒྱུ་དང་། འགན་སྒྲུབ་ཐད་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་པོས“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ཞབས་འདེགས་ཞུ་བ་དང་འགན་ལེན་བྱ་རྒྱུ། ཁྲིམས་སྐྱོང་ཐད་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་ཆུ་ཚད་མཐོ་པོས་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ཏེ་མང་ཚོགས་ཀྱི་ཁེ་དབང་འགན་སྲུང་བྱ་རྒྱུ། སྒྱུར་བཅོས་ཐད་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་བླང་བྱ་མཐོ་པོས་གསར་གཏོད་འཕེལ་རྒྱས་ཟབ་ཏུ་བཏང་སྟེ་ལས་ཀའི་ནུས་ཕྱོད་ཆེ་རུ་གཏོང་རྒྱུ། དུས་རབས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་ཚད་གཞི་མཐོ་པོས་ཉམས་སད་ཐེག་ཐུབ་པའི་ཁྲིམས་ཁང་གི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་བཅས་རེད་ཅེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ཤཱ་ཁེ་ཆིན་གྱིས་སྙན་སྒྲོན་ནང་། 2025ལོར་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བཅའ་ཁྲིམས་ལྟ་སྐུལ་གྱི་འགན་འཁྲི་ཁྲིམས་ལྟར་ཡང་དག་བསྒྲུབས་ནས་རྒྱང་ལམ་གསར་པར་བོད་ཀྱི་ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་གི་ཡིན་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།