ལིའུ་ཅང་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གཞིས་རྩེའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ལ་ཞུགས་ནས་གཏམ་བཤད་གནང་བཞིན་པ།
ཚེས་19ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ལིའུ་ཅང་གཞིས་རྩེའི་འཐུས་མི་ཚོགས་པར་ཕེབས་ནས་འཐུས་མི་ཚོ་དང་ལྷན་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཟླ་བ་ཚེ་རིང་དང་། བསོད་ནམས་ཉི་མ། ཝང་ཅུན། ཀྲང་ཡན་ཆིང་། ལང་ཧྥུའུ་ཁོན་བཅས་གྲོས་ཞིབ་ལ་ཞུགས་པ་རེད།
གྲོས་ཞིབ་བྱ་ཡུལ་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ཅིང་། འཐུས་མི་ཚོས་རང་རང་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དྲིན་ཚོར་དང་འབད་འཐབ་བརྗོད་པ་དང་། གྲུབ་འབྲས་དང་འཕེལ་རྒྱས་གླེང་བ། ངོས་འཛིན་གཅིག་སྒྲིལ། གོ་སྐོན་ལྕག་འདེབས་བཅས་གནང་ཡོད། ལིའུ་ཅང་གིས་ནན་ཏན་གསན་ཞོར་དུ་ཟིན་བྲིས་ཞིབ་ཕྲ་བསྐྱོན་གནང་བ་མ་ཟད། སྐབས་སྐབས་སུ་ཚང་མ་དང་སྤེལ་རེས་གནང་བ་རེད།
ལིའུ་ཅང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།
ལིའུ་ཅང་གིས་ནན་བཤད་གནང་དོན། འདི་ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་པས། འདི་ལོའི་ལས་དོན་ཡག་པོ་སྒྲུབ་པར་འགྲན་སློང་དང་གནོན་ཤུགས་ཡོད་ལ། གོ་སྐབས་དང་མི་མངོན་པའི་སྟོབས་ཤུགས་དེ་བས་ཀྱང་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། གོ་སྐབས་ལ་དམ་འཛིན་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བཀོད་སྒྲིག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། “འགན་སྲུང་དྲུག”གི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། དངོས་ཟོག་འགན་སྲུང་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། སྟབས་བདེའི་ཁང་པ་སྐྲུན་མགྱོགས་སུ་གཏོང་བ། ཞལ་འདེབས་བརྒྱབ་པའི་དངོས་ཟོག་དང་མ་དངུལ་གྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པར་འགན་ལེན་བྱེད་དགོས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། དགོན་སྡེ་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། མཐའ་མཚམས་བདེ་འཇཌ་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ། མང་ཚོཌ་ཀྱི་སྐྱིད་སྣང་དང་། བདེ་འཇགས་ཚོར་སྣང་། ཐོབ་སྣང་བཅས་རྒྱུན་མཐུད་ཆེ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་གཏིང་ཟབ་བསྟར་བ། བྱེད་ཐབས་སྣ་མང་སྤྱད་དེ་འཛད་སྤྱོད་འཕེལ་བར་བྱེད་པ། ནུས་ལྡན་གྱི་མ་འཇོག་རྒྱ་སྐྱེད་ཧུར་ཐག་གཏོང་བ། ཐོན་ལས་ལེགས་བསྡུས་གཅིག་སྡུད་ལ་སྐུལ་འདེད་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཁྲོམ་ར་འཁྲུག་ཏུ་དང་དཔལ་འབྱོར་དར་རྒྱས་རྒྱུན་མཐུད་ཡོང་བ་བཅས་བྱེད་དགོས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ལྗོངས་བབ་ལ་གཞི་ཚུགས་ནས་ཁྱད་ཆོས་མངོན་པ། ཞིང་འབྲོག་པར་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ། འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩི་བ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་ལ་སྔོན་འགོག་བྱ་རྒྱུ་དེ་མཐའ་ཚད་ཀྱི་ལས་འགན་དུ་བརྩི་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། ནུས་ཤུགས་ཡོད་རྒུས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། “ལས་ཁུངས་ཅན་གྱི་སྣང་ཚུལ་དོར་བར”སྐུལ་འདེད་ཧུར་ཐག་གཏོང་བ། སྐད་ཆ་མང་ཚོགས་དོན་དུ་ཤོད་པ་དང་རྐང་པ་མང་ཚོགས་ཀྱི་ཁྱིམ་དུ་སྤོ་བ་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དེ་བརྟན་ལྷིང་སྲུང་སྐྱོང་དང་། འཕེལ་རྒྱས་ལ་སྐུལ་འདེད། ཕྱུག་འགྱུར་སྣེ་ཁྲིད་བཅས་བྱེད་པའི་དམའ་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་བསྐྲུན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།