ཡན་ཅིན་ཧའེ་ཡིས་སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་དཔལ་འབྱོར་དང་སྐྱེ་ཁམས་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ།
ཚེས་18ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་དཔལ་འབྱོར་དང་སྐྱེ་ཁམས་རིགས་ཁོངས་ཀྱི་ཚོགས་ཆུང་དུ་ཕེབས་ཏེ། སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་ནས་འཕེལ་རྒྱས་ཀྱི་ཇུས་གཞི་ཆེན་པོར་ལྷན་དུ་གྲོས་བསྡུར་གནང་བ་རེད།
གྲོས་བསྡུར་གནང་རིང་། ཀྲང་ཅུན་དང་། བདེ་སྐྱིད་མཚོ་མོ། པ་སངས། ཀྲང་ཡུང་། ཝང་ཙེ་ལེང་། དབང་ལེང་། ཀུའོ་མིན། ཀུང་ཏུང་ཁྲང་། མགོན་པོ་རྡོ་རྗེ་སོགས་ཨུ་ཡོན་གྱིས་གཏམ་བཤད་ལྷུག་པོར་སྤེལ་ནས་ཐབས་ཇུས་ཧུར་ཐག་བཏོན་གནང་བ་རེད། ཡན་ཅིན་ཧའེ་ཡིས་ནན་ཏན་ངང་གསན་པ་དང་ཟིན་བྲིས་ཞིབ་ཕྲ་བསྐྱོན་པ་མ་ཟད། ཨུ་ཡོན་ཚོ་དང་སྤེལ་རེས་ཡང་ཡང་གནང་ནས་འབྲེལ་ཡོད་གནད་དོན་ལའང་ལན་བསྐྱོན་པ་རེད། ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།
ཡན་ཅིན་ཧའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚུགས་གནས་མཐོ་པོས་གངས་ལྗོངས་ས་མཐོར་སྲུང་སྐྱོང་བྱེད་པ་དང་། སྤུས་ཚད་མཐོ་པོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚད་གཞི་མཐོ་པོས་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་བཅས་བྱས་ནས་ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས། རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་དང་ལྷག་པར་དུ་དཔལ་འབྱོར་དང་སྐྱེ་ཁམས་རིགས་ཁོངས་ཀྱི་ཨུ་ཡོན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཐོས་བསམ་མྱོང་རྟོགས་ནན་ཏན་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་གྱི་དགོངས་པ་དང་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། སྔར་རྒྱུན་བཞིན་ཨུ་ཡོན་གྱི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་ལ་སྤྱི་འདོམས་བྱེད་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཡན་ཅིན་ཧའེ་ཡིས། མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་སྐྱེ་ཁམས་ལ་ཡོད་པ་དང་འགན་འཁྲི་ཆེ་ཤོས་སྐྱེ་ཁམས་ལ་ཡོད་ལ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་གནས་ཡོད། དེས་ན་ལྗང་མདོག་འཕེལ་རྒྱས་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱེད་པར། “རི་གཉིས”ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་པར། ཆེད་ལས་ཤེས་བྱ་རྒྱ་ཆེར་སྦྱོང་བ་དང་། འགན་འཁྲི་སྒྲུབ་པའི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི“ཇུས་འདོན་ཚོགས་པ”ཡག་པོ་བྱེད་པ། འཐབ་ཇུས་རང་བཞིན་དང་། རྒྱང་ལྟའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལྡན་པའི་གྲོས་འགོ་དེ་བས་མང་པོ་འདོན་པ། ཏང་ཨུད་དང་སྲིད་གཞུང་ལ་རྒྱུན་མཐུད་ཐབས་ཇུས་འདོན་པ་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་ཐད་གཉིས་ཁེ་ཡོང་བར་སྐུལ་འདེད་གཏོང་དགོས་པ། ལྗང་མདོག་གི་འཚོ་བ་སྐྱེལ་སྟངས་སྐྱེད་སྲིང་བྱེད་པར། ས་མཐོའི་མི་རིགས་ཁག་གི་མང་ཚོགས་དང་རང་བྱུང་ཁོར་ཡུག་འཆམ་མཐུན་མཉམ་གནས་ཡོད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གང་ལེགས་གཏོང་བ། མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་རང་འགུལ་ངང་བསྐྱོད་དེ། དམངས་ཀྱི་འདོད་འདུན་ཉན་པ་དང་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བཅས་བྱས་ནས་མང་ཚོགས་ཀྱི་བསམ་འཆར་གོང་ཞུ་གཤམ་སྤེལ་བྱེད་པའི“འབྲེལ་ཟམ”ཡག་པོ་འཛུགས་དགོས་ཞེས་ནན་བཤད་གནང་བ་རེད།