དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • འཆར་ཟིན་ཚོགས་ཆུང་གི་ཁོངས་མི་མཱ་ཁྲང་ཤིན་གྱིས་བརྗོད་དོན།

    ད་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་དྲོ་སྐྱིད་ལྡན་པའི་བརྡ་རྟགས་གསུམ་བརྒྱུད་སྤྲོད་བྱས་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-20

    2024ལོར་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་ལྗིད་ཏིག་ཏིག་གི་རྒྱུགས་ལན་ཞིག་ཕུལ་ཡོད། གྲུབ་འབྲས་དེ་ལྟ་བུ་ཐོབ་པར་ཉམས་མྱོང་ཅི་ཞིག་ཡོད་དམ། ད་ལོར་7%ཡན་ཟིན་པར་བྱ་རྒྱུ་དང་8%ཟིན་པའི་བརྩོན་ལེན་བྱ་རྒྱུའི་འཕར་སྣོན་དམིགས་ཚད་ཇི་ལྟར་གཏན་འཁེལ་བྱས་པ་ཡིན་ནམ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ངོས་ནས་བརྗོད་ན་གལ་ཆེའི་བརྡ་རྟགས་ཅི་འདྲ་ཞིག་བརྒྱུད་སྤྲོད་བྱས་ཡོད་དམ།

    སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཡོངས་བསྒྲགས་བྱས་རྗེས། གསར་འགོད་པས་འཕྲལ་མར་སྙན་སྒྲོན་འཆར་ཟིན་ཚོགས་ཆུང་གི་ཁོངས་མི་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་ཕྱོགས་བསྡུས་ཞིབ་འཇུག་ཁྲུའུ་ཡི་རིམ་པ་གཉིས་པའི་བརྟག་ཞིབ་པ་མཱ་ཁྲང་ཤིན་ལ་བཅར་འདྲི་བྱས་པ་ཡིན།

    མཱ་ཁྲང་ཤིན་གྱིས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་2024ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཚུད་པའི་རང་ལྗོངས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་ལྗིད་ཏིག་ཏིག་གི་རྒྱུགས་ལན་ཞིག་ཕུལ་ཡོད་ཅེས་བརྗོད་པ་རེད།

    ད་ལོའི་དཔལ་འབྱོར་འཕར་སྣོན་གྱི་དམིགས་ཚད་7%ཡན་ཟིན་པར་བྱ་རྒྱུ་དང་8%ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད། དེའི་ཐད་མཱ་ཁྲང་ཤིན་གྱིས། དམིགས་ཚད་དེ་ནི་གྲོང་ཁྱེར་དང་རྫོང་དུ་བསྐྱོད་ནས་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་། ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ། དགོས་མཁོ་དང་ཡོང་སྲིད་པ་གཉིས་ཀར་བསམ་གཞིག་བཅས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞིབ་འཇུག་དང་བརྡར་གཅོད་ཡང་ཡང་བྱས་པ་བརྒྱུད་གཏན་འཁེལ་བྱས་པ་ཞིག་རེད། “འཕེལ་རྒྱས་ཀྱི་དམིགས་ཚད་དེ་དག་མངོན་འགྱུར་ཡོང་བར་ང་ཚོར་སྔར་བྱུང་མྱོང་མེད་པའི་གོ་སྐབས་ཡོད་ལ་སྲ་ཞིང་བརྟན་པའི་གདེང་ཚོད་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་གསུངས་པ་དང་ཁོང་གིས་གསར་འགོད་པར། གདེང་ཚོད་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟབ་བཞེས་གནང་བ་ལས་བྱུང་བ་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60ཡི་རིང་ཐོབ་པའི་ཉམས་མྱོང་རྩ་ཆེན་ལས་བྱུང་བ། རྣམ་གྲངས་གལ་ཆེན་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས་པ་ལས་བྱུང་བ་བཅས་རེད། དེ་དག་ཚང་མས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་གསུངས་པ་རེད།

    མཇུག་ཏུ་མཱ་ཁྲང་ཤིན་གྱིས་ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བརྡ་རྟགས་གསུམ་བརྒྱུད་སྤྲོད་བྱས་ཡོད་ཅེས་གསུངས་པ་དང་། མཱ་ཁྲང་ཤིན་གྱིས་འགྲེལ་བཤད་བརྒྱབ་དོན། གཅིག་ནི་དྲོ་སྐྱིད་ཡིན་ཞིང་། སྙན་སྒྲོན་གྱི་གླེང་གཞི་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་རྒྱས་བཤད་བྱས་ཡོད། ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། གཉིས་ནི་གདེང་ཚོད་ཡིན་ཞིང་། མིག་སྔར་བོད་འདི་ཉིད་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་ཀྱི་གྲས་སུ་གནས་ཏེ། དབྱར་མཚོ་རྒྱས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད། གསུམ་ནི་གོ་སྐབས་ཡིན་ཞིང་། གོ་སྐབས་ཞེས་པ་དེ་བོད་རང་ངོས་འཕེལ་རྒྱས་ཀྱི་གོ་སྐབས་གཅིག་པུར་བརྗོད་པ་མིན་པར། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཚུད་པའི་བོད་དུ་མ་འཇོག་ལས་དར་རྒྱས་བྱེད་པའི་གོ་སྐབས་བཟང་པོ་ཡོད་པར་བརྗོད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།