དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-20

    ཚེས་19ཉིན་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་པའི་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་གཞིའི་སྙན་སྒྲོན། སྔོན་རྩིས་ཀྱི་སྙན་སྒྲོན་བཅས་ལ་གྲོས་བསྡུར་གནང་བ་མ་ཟད། འབྲེལ་ཡོད་མི་དོན་དོན་གནད་ལ་ནང་མོལ་ཡང་གནང་བ་རེད།

    ཚོགས་ཆུང་ཁག་གི་གྲོས་བསྡུར་བྱ་ཡུལ་དུ་ཨུ་ཡོན་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་དམ་པོར་དམིགས་ཏེ། ངོས་འཛིན་གླེང་བ་དང་། མྱོང་ཚོར་བརྗོད་པ། གྲོས་འགོ་འདོན་པ། ཕུགས་འདུན་གླེང་བ་བཅས་གནང་བ་རེད། ཚང་མས། སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དངོས་ཐོག་བདེན་འཚོལ་དང་དོན་དངོས་དང་མཐུན་ལ་ཕྱོགས་ཡོངས་ནས་རང་ལྗོངས་ཀྱི་2024ལོའི་ལས་དོན་ཁག་ལ་ཕྱོགས་སྡོམ་དང་2025ལོའི་ལས་དོན་བཀོད་སྒྲིག་གི་ཁ་ཕྱོགས་གསལ་སྟོན་དང་དམིགས་ཚད་ཁ་གསལ་ཡོད་པ་དེ་ནི་གདེང་ཚོད་ཀྱིས་ཁེངས་པ་དང་། ཆོད་སེམས་བརྟན་པ། དམངས་སེམས་གཅིག་སྒྲིལ། མི་སེམས་ལ་སྐུལ་མ་ཐེབས་པ། འབད་འབུངས་ཡར་སྐུལ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད། ལོ་གཅིག་རིང་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་གཏོང་དེ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་མུ་མཐུད་འཛུགས་གཏོད་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་རྣམ་ཅན་ལ་སྐུལ་འདེད་བཏང་བ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས“ལས་གྲྭ་ཆེན་པོ་བཞི”དང“བྱ་སྤྱོད་དྲུག”ལ་སྐུལ་འདེད་ནུས་ལྡན་བཏང་བ། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་བ། “མོས་སེམས་ལྔ”སྔར་བས་ཟབ་ཏུ་བཏང་བ་བཅས་བྱས་པ་བརྒྱུད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ཡོད། བོད་ཀྱིས་འཕེལ་རྒྱས་ལ་དམིགས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་བསྟར་ཁུལ་རྒྱུན་མཐུད་འཛུགས་གཏོད་བྱས་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་བ། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་བ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ། ཕན་ནུས་ལྡན་པའི་མ་འཇོག་རྒྱུན་མཐུད་ངང་རྒྱ་ཆེར་བཏང་བ། རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། རིག་གནས་ཡུལ་སྐོར་དང་ནུས་རྒྱུ་གཙང་མ་སོགས“ཐོན་ལས་ཆེན་པོ་དགུ”འཕེལ་རྒྱས་ཤུགས་ཆེན་བཏང་ནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མིག་སྔར་གསོན་ཤུགས་ཀྱིས་ཁེངས་པ་དང་སླད་ཕྱིན་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་བྱས་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ནས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་པ་དང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་འགན་ལེན་བྱས་ཏེ། ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ཡག་པོ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པའི་ངོས་འཛིན་གཅིག་མཐུན་གནང་ཡོད།

    2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་རེད་ལ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཀྱང་རེད། ཨུ་ཡོན་ཚོས། ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་ནུས་ལྡན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “དོན་ཆེན་བཞི”དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་འགན་སྒྲུབ་ཀྱི་ལག་ལེན་ཁྲོད་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ་ཇུས་དང་ནུས་ཤུགས་འདོན་པ་དང་། འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དམངས་ཆེད་འགན་སྒྲུབ་ཀྱི་རིན་ཐང་གི་སྟོན་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། སྲིད་གྲོས་ལས་དོན་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། དངོས་འཛིན་དངོས་སྒྲུབ་དང་། དམ་ནན་མྱུར་སྒྲུབ། དཀའ་སྤྱད་འབད་བརྩོན། མཐུན་སྒྲིལ་འབད་འཐབ་བཅས་བྱེད་པ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།