རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ།
ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ལིའུ་ཅང་བཅས་ཞུགས་པ།
ཚེས་19ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་ཚོགས་ཆུང་ཁག་བགོས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ་དང་འཆར་གཞིའི་སྙན་སྒྲོན་དང་འཆར་ཟིན་དང་། སྔོན་རྩིས་སྙན་སྒྲོན་དང་འཆར་ཟིན་ལ་ཞིབ་བཤེར་བྱས་པ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ལིའུ་ཅང་། དབང་ཧའེ་ཀྲོའུ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཅང་ཝུན་ཕེང་བཅས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ལ་སོ་སོར་ཞུགས་པ་རེད།
འཐུས་མི་ཚོགས་པ་ཁག་གི་ཚོགས་རར་འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་དམ་པོར་དམིགས་ཏེ། ངོས་འཛིན་གླེང་བ་དང་། མྱོང་ཚོར་བརྗོད་པ། གྲོས་འགོ་འདོན་པ། ཕུགས་འདུན་གླེང་བ་བཅས་གནང་བ་རེད། ཚང་མས་2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། འདས་ཟིན་པའི་ལོ་གཅིག་ནང་། ང་ཚོས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏིང་ཟབ་བཏང་བས། དཔལ་འབྱོར་འཕེལ་ཚུལ་དུས་ཚིགས་རེ་རེ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་། སྤྱི་ཚོགས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་ཐོག་གོམ་པ་བརྟན་པོ་སྤོས་པའི་ངོས་འཛིན་གནང་བ་རེད།
འཐུས་མི་ཚོས། ན་ནིང་ལྗོངས་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུ་རྒྱུན་འཁྱོངས་ཐུབ་ནས་དཀའ་ངལ་དང་འགྲན་སློང་མང་དུ་འགྲོ་བཞིན་པའི་རྙོག་འཛིང་ཆེ་བའི་དུས་བབ་འོག་འབད་བརྩོན་ཆེན་པོས་སྔོན་ལ་སླེབས་རྒྱུ་བརྩོན་ལེན་བྱེད་པ་དང་མི་སེམས་ལ་སྐུལ་མ་ཐེབས་པའི་ཕུལ་བྱུང་གི་རྒྱུགས་ལན་ཞིག་ཕུལ་ཡོད། འདས་ཟིན་པའི་ལོ་གཅིག་ནང་། ལྗོངས་ཡོངས་ཀྱི་བརྟན་ལྷིང་གི་གནས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་གཙོ་གནད་རྣམ་གྲངས་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་1700ཡན་ཟིན་པ། སྐལ་བཟང་མེ་ཏོག་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་མངོན་མེད་སྟོབས་ཤུགས་དང་ལེགས་ཆ་ཉིན་རེ་བཞིན་མངོན་པ། བྱེད་ཐབས་མང་པོ་མཉམ་སྤྱོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་བརྟན་པོའི་ངང་ལེགས་སུ་ཕྱིན་པ། “ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་པ”ཚང་མ་ལེགས་སྒྲུབ་བྱས་ནས་བོད་ཀྱི་ས་གནས་ཐོན་རྫས་གཅིག་རྗེས་གཉིས་མཐུད་ངང་ཕྱི་རྒྱལ་དུ་བཏང་སྟེ་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་དང་ཏན་ཏིག་བྱུང་བ། མ་དངུལ་སྒོར་དུང་ཕྱུར་129བཏང་ནས་དམངས་འཚོའི་བྱ་བ་དངོས་ཁག་21ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་པ་དང་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་འགན་སྲུང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ཚན་རིག་དང་མཐུན་པའི་སྒོ་ནས་ལག་ལེན་བསྟར་བ་དང་། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི“འདུ་འགོད་ཆེན་པོ་བདུན”ལག་བསྟར་ཤུགས་ཆེན་བྱས་པས་བདེ་འཇགས་སྲུང་བཅད་སྔར་ལས་བརྟན་དུ་ཕྱིན་ཡོད་ཅེས་གཅིག་མཇུག་གཉིས་མཐུད་ངང་གསུངས་པ་རེད།
2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་གྱི་ལོ་ཞིག་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག སྐབས་འདིའི་སྲིད་གཞུང་གིས་ཕྱོགས་ཡོངས་ནས་འགན་འཁྲི་བསྒྲུབས་པའི་སྔ་རྗེས་རྒྱུན་མཐུད་ཀྱི་ལོ་ཞིག་བཅས་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་བརྗིད་ཆེའི་རྒྱང་ལམ་ཐོག་ང་ཚོར་འཕྲད་པའི་གོ་སྐབས་ནི་སྔར་ན་བྱུང་མྱོང་མེད་ལ། ང་ཚོའི་གདེང་ཚོད་ནི་འགྲན་ཟླ་བྲལ་ལ་བློ་བརྟན་འགྱུར་མེད་ཅིག་ཡིན། འཐུས་མི་ཚོས། འདི་ལོའི་ལས་དོན་ལེགས་པར་བསྒྲུབ་དགོས་ན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་སྐབས་རིམ་བྱུང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ནས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་མགྱོགས་སུ་གཏོང་བ། གཞི་ཆེའི་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། མ་འཇོག་གི་ཕན་འབྲས་ཆེ་རུ་གཏོང་བ་དང་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་ཡག་པོ་བྱེད་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་གྲུབ་བཅས་བྱས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།