ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་བ།
ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་ནས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་ཞིབ་དང་ཞིབ་བཤེར་བྱ་རྒྱུར་འབུལ་རྩིས་ཡོད་པའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན(ཞིབ་བཤེར་བྱ་རྒྱུར་འབུལ་རྒྱུའི་མ་ཟིན)》དང་། 《བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྙན་སྒྲོན(ཞིབ་བཤེར་བྱ་རྒྱུར་འབུལ་རྒྱུའི་མ་ཟིན)》《བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན(ཞིབ་བཤེར་བྱ་རྒྱུར་འབུལ་རྒྱུའི་མ་ཟིན)》ལ་ཆེད་དོན་ཞིབ་འཇུག་བྱས་པ་རེད།
ཀརྨ་ཚེ་བརྟན་གྱིས་གསུངས་དོན། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ནི་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། སྙན་ཞུ་ཁག་དང་ལྷག་པར་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་དང་གྲོས་བསྡུར་བྱ་རྒྱུ་ནི་ཚོགས་འདུ་གཉིས་ཀྱི་གྲོས་རིམ་གལ་ཆེན་གྱི་གྲས་ཤིག་རེད། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་འདས་ཟིན་པའི་ལོ་གཅིག་གི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་བྱམས་བརྩེའི་ཐུགས་ཁུར་དང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་གོམ་པ་རེ་རེ་བཞིན་མཉམ་དུ་དཀའ་སྤྱད་དང་། དོན་གཉེར། འབད་འཐབ་བཅས་བྱས་ནས་བྱུང་བ་ཞིག་རེད། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་ད་ལོའི་དཔལ་འབྱོར་དམིགས་ཚད་གཙོ་བོ་དང་། གཙོ་གནད་ལས་འགན་། ལས་ཀའི་བྱེད་ཐབས་བཅས་ཁ་གསལ་བཀོད་ཡོད་པས། གྲོས་ཞིབ་དང་ཞིབ་དཔྱད་བྱས་ནས་གྲོས་འཆམ་བྱུང་ཚེ་ཁྲིམས་གཏན་འཁེལ་བའི་ཡིག་ཆ་དང་། ལས་འགན་ཡི་གེ་དང་། དུས་ཚོད་རེའུ་མིག ལམ་ཐིག་རི་མོ་བཅས་ཡིན། སྣེ་ཁྲིད་ནས་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག སྒྲིག་ཁྲིམས་ལ་བརྩི་སྲུང་བཅས་ཞུས་ཏེ། ཚོགས་འདུ་གཉིས་ཀྱི་སྙན་ཞུ་ཁག་ལ་ནན་ཏན་གྱིས་ཉན་པ་དང་། གྲོས་བསྡུར་བྱེད་པ། གྲོས་ཞིབ་བཅས་བྱས་ཏེ། གྲོས་ཞིབ་དང་གྲོས་བསྡུར་གྱི་བརྒྱུད་རིམ་དམངས་གཙོ་དར་སྤེལ་དང་། བློ་གྲོས་གཅིག་སྡུད། འདོད་འདུན་གཅིག་གྱུར་བཅས་ཀྱི་བརྒྱུད་རིམ་དུ་སྒྱུར་གང་ཐུབ་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་སྔར་བས་གཅིག་གྱུར་དང་། སྟོབས་ཤུགས་གཅིག་སྡུད། ངར་ཤུགས་སྐུལ་སྤེལ་བཅས་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དེ་ལྗོངས་ཡོངས་གོང་འོག་གི་གཅིག་གྱུར་བྱ་སྤྱོད་གཅིག་ཏུ་ཏན་ཏིག་སྒྱུར་དགོས། ནུས་ཤུགས་ཡོད་རྒུས་ཚོགས་འདུ་གཉིས་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་ཡག་པོ་བྱས་ཏེ། འཐུས་མི་དང་ཨུ་ཡོན་གྱི་དོ་ཁུར་ལ་ལན་ཧུར་ཐག་བསློགས་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་རྗེས་འདེད་སྒྲུབ་གཉེར་བྱས་ཏེ་ཚོགས་འདུ་གཉིས་བདེ་བླག་ངང་འཚོགས་ཐུབ་པ་དང་ཐུགས་གྲ་ལེགས་འགྲིག་ཡོང་བར་འགན་ལེན་བྱེད་དགོས།