དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • འཕར་སྣོན་བརྟན་པོ་དང་སྤུས་ཚད་དོན་གཉེར་གྱིས་ཉིང་ཁྲི་གྲོང་ཁྱེར་གྱི་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་དགོས།

    —— ཉིང་ཁྲི་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པ་ལི་ཧྲི་ཅང་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-14

    2024ལོའི་ཟླ་12ཚེས་20ཉིན་དང་ཚེས་21ཉིན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་2025ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་དམིགས་ནས་ཕྱོགས་བདུན་ཐད་ནས་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་ཆེད་ལག་ལེན་གྱི་ཐབས་ལམ་བསྟན་པ་རེད།

    བོད་ཤར་ལྷོའི“ལྗང་མདོག་མུ་ཏིག”ཡིན་པའི་ཉིང་ཁྲི་གྲོང་ཁྱེར་གྱིས་ལོ་གསར་པའི་ནང་ཇི་ལྟར་བྱས་ནས་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཇི་ལྟར་བྱས་ནས་2025ལོའི་དཔལ་འབྱོར་ལས་དོན་གྱི་བསམ་ཕྱོགས་འཆར་འགོད་བྱེད་པ། བྱེད་ཐབས་གང་དག་སྤྱད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ་བཅས་ཀྱི་སྐོར་ལ་གསར་འགོད་པས་ཉིང་ཁྲི་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པ་ལི་ཧྲི་ཅང་ལ་ཆེད་མངགས་བཅར་འདྲི་བྱས་པ་རེད།

    ལི་ཧྲི་ཅང་གིས་གདེང་ཚོད་ཆེན་པོས། “2025ལོ་ནི‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལག་བསྟར་གྱི་མཇུག་བསྡུའི་ལོ་ཞིག་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་སྤུས་ལེགས་ལ་སྐུལ་འདེད་གཏོང་བའི་མཆོང་སྐྱོད་ཀྱི་ལོ་ཞིག་བཅས་ཡིན་པས། གྲོང་ཁྱེར་ཡོངས་ཀྱིས་དམིགས་ཚད་ལ་དམ་པོར་དམིགས་ནས། དཔལ་འབྱོར་བརྟན་པོ་འཕར་བ་དང་འཕེལ་རྒྱས་ལ་སྤུས་ཚད་ལྡན་པར་སྐུལ་འདེད་གཏོང་གི་ཡིན”ཞེས་བརྗོད་པ་དང་། ཁོང་གིས། 2025ལོར། ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་ལས་དོན་གྱི་དམིགས་ཚད་གཙོ་བོ་ནི་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་8%ཡས་མས་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བྱེད་ཚད་16%ཡན། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་10% སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་8%ཡན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་8% གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%བཅས་འཕར་བ་མངོན་འགྱུར་བྱ་རྒྱུ་དེ་ཡིན་ཞེས་བརྗོད།

    ད་ལོའི་འཕེལ་རྒྱས་དམིགས་ཚད་ལ་དམིགས་ནས། ལི་ཧྲི་ཅང་གིས་གཤམ་གསལ་གྱི་ཕྱོགས་བརྒྱད་ཐད་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ཤུགས་རྒྱག་ས་གཙོ་བོ་དང་བྱེད་ཐབས་གཙོ་བོ་ངོ་སྤྲོད་བྱས་པ་སྟེ།

    རྣམ་གྲངས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ཤིང་། “གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འགག་སྒྲོལ་ལོའི”བྱ་སྤྱོད་ལག་བསྟར་བྱས་ནས། འགོ་ཁྲིད་ཀྱིས་འགན་གཙང་ལེན་དང་། ཆེད་སྒྲུབ་ཚོགས་ཆུང་གིས་ཞབས་ཞུ། མཉམ་དུ་ཞིབ་མཆན་སོགས་ཀྱི་ལམ་སྲོལ་དོན་འཁྱོལ་མུ་མཐུད་བྱས་ཏེ། ཁྲོན་བོད་ལྕགས་ལམ་དང་། ཡུན་བོད་ལྕགས་ལམ་། ཆུ་གློག་གསར་སྤེལ་སོགས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་ནུས་ཤུགས་ཡོད་རྒུས་ཞུ་བར་འགན་སྲུང་བྱེད་དགོས། ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་དང་ཡུན་རིང་གི་དམིགས་བསལ་རྒྱལ་བུན་དང་ཆེད་དོན་བུན་འཛིན་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། “རྣམ་གྲངས་གྲབས་གསོག་མཛོད”ལེགས་སུ་བཏང་ནས། རྣམ་གྲངས་དེ་བས་མང་བ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་ཀྱི་འཆར་གཞིའི་ནང་ཚུད་ཐུབ་པའི་བརྩོན་ལེན་བྱེད་དགོས།

    འཛད་སྤྱོད་ཀྱི་གཏིང་ཤུགས་སྔོག་འདོན་མུ་མཐུད་བྱེད་དགོས་ཤིང་། འཛད་སྤྱོད་ཡར་སྐུལ་གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་ལ་དམིགས་ནས། བཟའ་བཏུང་དང་། རིག་གནས་དང་ཡུལ་སྐོར་དང་ལུས་རྩལ། དངོས་ཟོག་ཉོ་སྒྲུབ། ཚོང་ཟོག་འབོར་ཆེན། བདེ་ཐང་དང་རྒན་གསོ་དང་བུ་བཅོལ། སྡེ་ཁུལ་སོགས་འཛད་སྤྱོད་ལས་རྣམ་དྲུག་གི་སྐྱེད་སྲིང་ལ་གཏིང་ཟབ་དམིགས་དགོས་པ་དང་། ཕུད་འགྲེམས་དཔལ་འབྱོར་དང་། དབུ་དཀར་དཔལ་འབྱོར། གངས་འཁྱགས་དཔལ་འབྱོར་བཅས་གཅིག་སྡུད། “གསར་གཉིས”སྲིད་ཇུས་བྱེད་ཐབས་དོན་འཁྱོལ་ལ་དམིགས་ནས་རིམ་པ་དེ་གའི་འཛད་སྤྱོད་ཡར་སྐུལ་གྱི་ཆེད་དོན་མ་དངུལ་ཡག་པོ་སྤྱད་དེ། འཛད་སྤྱོད་ཡར་སྐུལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་དགོས་པ། འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོང་དང་གཉེར་སྐྱོང་བའི་གཉེར་སྐྱོང་བྱ་སྤྱོད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཀྱི་འཕར་གཞི་གསར་པ་བཏོད་དེ་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་བར་ལེགས་སྐྱེས་ཕུལ་ཚད་མཐོ་རུ་མུ་མཐུད་གཏོང་དགོས།

    ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཤིང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་བཏོད་དེ། འཛམ་གླིང་རིམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་དམིགས་ས་འཛུགས་སྐྲུན་ལ་དམིགས་ནས། “མཐོར་འདེགས་ཆེན་པོ་དགུའི”བྱ་སྤྱོད་དང“འཕེལ་རྒྱས་ཆེན་པོ་དགུའི”བྱ་སྤྱོད་གཏིང་ཟབ་སྤེལ་དགོས་པ། G318དངG219ལམ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་བཏོད་པ་དང་། ཚོགས་འགྲེམས་དང་། དུས་ཆེན་རྟེན་འབྲེལ། རིག་རྩལ་འཁྲབ་སྟོན། ཕྱི་རོལ་ལུས་རྩལ་སོགས་རྣམ་པ་གསར་པ་དང་ལས་རྣམ་གསར་པ་གཏོད་དགོས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། ཇ་ལོ་དང་། སྔོ་ཚལ། ཤིང་འབྲས། ཤ་མོའི་རིགས། བོད་སྨན་གྱི་སྨན་རྒྱུ་བཅས་དང་། དེ་བཞིན་བོད་ཕག་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་དགོས། སྒྱུར་བཅོས་ཀྱི་གསོན་ཤུགས་གང་ལེགས་འདོན་དགོས་ཤིང་། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱད་དེ། སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”ལ་ཞབས་འདེགས་དང་དེར་མཉམ་འདྲེས་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཁྱབ་ཁོངས་དེ་བས་ཆེ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་དགོས། “ཉིང་ཁྲིར་ཤེས་ལྡན་པ་ནང་འདྲེན”གྱི་འཆར་གཞི་ལག་ལེན་བསྟར་ཏེ། “བརྒྱ་ཟུང་གི་འཆར་གཞིའི”ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས། ནང་དུ་འདྲེན་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ནུས་པ་ཐོན་ཐུབ་པ་བཅས་ཀྱི་ཆུ་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་ཅིག་མགྱོགས་མྱུར་འཛུགས་སྐྱོང་བྱེད་དགོས།

    མཐུན་སྦྱོར་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་དགོས་ཤིང་། དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཞིང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་མི་འབོར་དང་ཐག་རིང་ས་ཁུལ་གྱི་རིམ་དབྱེ་རིགས་དབྱེའི་རོགས་སྐྱོར་ལམ་ལུགས་བཙུགས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོར་སྲུང་དགོས། “གྲོང་ཚོ་རེ་ལ་སྲིད་ཇུས་རེའི”བྱེད་ཐབས་ལག་ལེན་བསྟར་བར་སྐུལ་འདེད་མུ་མཐུད་བཏང་ནས། གཙོ་གནད་རོགས་སྐྱོར་གྲོང་ཚོ་141གི“དོ་མི་སྙོམས་པ་བཞིའི”གནད་དོན་ཐག་གཅོད་བྱས་ཏེ། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཁག་35སྐྲུན་དགོས། གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་གསར་སྒྱུར་གྱི་དུས་ཐེངས་གཉིས་པ་དང་གྲོང་ཁྱེར་ཡོངས་ཀྱི་འཚོ་བ་དང་། ཟ་ཁང་། ཨར་སྐྲུན་བཅས་ཀྱི་གད་སྙིགས་ཕྱོགས་བསྡུས་གཙང་སེལ་ལས་གྲྭ གྲོང་ཁྱེར་གྱི་མདོང་ལམ་དང་མདོང་དྲ་འཛུགས་སྐྲུན་བཅས་གང་མགྱོགས་ལག་ལེན་བསྟར་དགོས།

    དམངས་འཚོའི་བདེ་རྩ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱེད་དགོས། ལས་ཞུགས་ལས་གཏོད་ཀྱི“འདུ་འགོད་ཆེན་པོ་བཞི”ལག་ལེན་བསྟར་ནས། གྲོང་ཁྱེར་དང་གྲོང་རྡལ་དུ་མི་4500ཡན་ལས་ཞུགས་གསར་པ་ཐུབ་པ་དང་ལས་ཞུགས་མེད་པའི་ཁྱིམ་ཚང་འགུལ་རྣམ་གཙང་སེལ་རྒྱུན་འཁྱོངས་བྱེད་དགོས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་དང་བྱང་ཚད་མཐོར་གཏོང་གི་ཆེད་དོན་བྱ་སྤྱོད་སྤེལ་ནས། རྨང་གཞིའི་སློབ་གསོའི་སྤུས་ལེགས་རྒྱ་སྐྱེད་དང་སྤུས་ཚད་མཐོར་གཏོང་གི་འཆར་གཞི་ལག་ལེན་བསྟར་དགོས། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་་གཏིང་ཟབ་ཏུ་མུ་མཐུད་བཏང་སྟེ། དམ་ཟབ་རྣམ་པའི་སྨན་བཅོས་གཅིག་མཐུན་ཚོགས་པ་དང་སྨན་བཅོས་མཉམ་སྡེབ་ཚོགས་པ་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། ནོར་ཤུགས་ལ་མུ་མཐུད་སྤྱི་འདོམས་བྱས་ནས་མང་ཚོགས་ཀྱིས་ཚོར་ཐུབ་པ་དང་མཐོང་ཐུབ་པའི་དམངས་འཚོའི་བྱ་བ་དངོས་ཁག་གཅིག་ཡག་པོ་སྒྲུབ་དགོས།

    མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་དགོས་ཤིང་། རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འགྲེལ་བཤད་དང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། ཆོས་ལུགས་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འབྱུང་རྩ་ནས་སྔོན་འགོག་དང་། འགུལ་རྣམ་སེལ་བ། མཉམ་འབྲེལ་འཚམས་འདྲི་དང་ལེན་བཅས་ཀྱི་ལམ་སྲོལ་གཏིང་ཟབ་ཏུ་བཏང་ནས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་ཡག་པོ་སེལ་དགོས། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ཚུར་ལན་གནད་དོན་དག་ཐེར་ཡག་པོ་བྱས་ཏེ། དག་ཐེར་དོན་འཁྱོལ་བྱས་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”ཆ་འགྲིག་མཉམ་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས། ས་སྲུང་མཐའ་བརྟན་གྱི་ལྕགས་རི་རིང་པོ་བརྟན་དུ་གཏོང་དགོས།

    ཞབས་ཞུའི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས་ཤིང་། དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་དེ་ལས་ཀའི་དོན་ལ་བབས་སར་བརྩིས་ཏེ། དོན་དངོས་ལ་དམིགས་པ་དང་སྒྲུབ་པར་གཞི་ཚུགས་ནས། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་། དེ་བཞིན་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། “གཞི་རིམ་དུ་སྐྱོད་པ་བཞིའི”ལམ་ལུགས་བེད་སྤྱོད་ཡག་པོ་བྱས་ཏེ། “12345ཐད་སྦྲེལ་ཁ་པར”དང་ཧྲེ་ཀྲང་གི་ཡིག་སྒམ་སོགས་ལས་སྟེགས་ཀྱི་ནུས་པ་བཏོན་ནས། མང་ཚོགས་ཀྱི་དོ་ཁུར་བྱེད་སར་ལན་ཧུར་ཐག་རྒྱག་དགོས། རང་རྟོགས་ངང་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་ལས་དོན་སྤེལ་ནས། སྲིད་འཛིན་ཁྲིམས་སྒྱུར་ཚད་ལྡན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས“སྤྱོད་ཚུལ་བཞིར”ཡོ་བསྲང་རྒྱུན་ཆད་མེད་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།