རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ས་ཨུད་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ལས་རིགས་ཁོངས་གཏོགས་ཏང་ཨུད(ལས་དོན་ཨུ་ལྷན)ཧྲུའུ་ཅིའི་2024ལོའི་ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་སྒྲུབ་གསལ་ཞུའི་དཔྱད་གླེང་ཚོགས་འདུ་འཚོགས་པ།
ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ས་ཨུད་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ལས་རིགས་ཁོངས་གཏོགས་ཏང་ཨུད(ལས་དོན་ཨུ་ལྷན)ཧྲུའུ་ཅིའི་2024ལོའི་ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་སྒྲུབ་གསལ་ཞུའི་དཔྱད་གླེང་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་འཛུགས་པ་དང་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བརྟན་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་དང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ་བཅས་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་རྩ་འཛུགས་ཅུས་གཉིས་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག ས་ཨུད་དང་གྲོང་ཨུད་ཁག་གི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ལས་རིགས་ཁོངས་གཏོགས་ཏང་ཨུད(ལས་དོན་ཨུ་ལྷན)ཀྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱས་པའི་སྐོར་གྱི་འགན་སྒྲུབ་གསལ་ཞུ་བྱས་པ་རེད། ཝང་ཅུན་ཀྲེང་གིས་ནན་ཏན་ངང་གསན་པ་དང་འབྲེལ་རེ་རེ་བཞིན་ལ་དཔྱད་བརྗོད་གནང་ནས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། གནད་དོན་གྱི་མི་འདང་ས་ཐད་ཀར་བཏོན་ནས་ལས་ཀའི་བླང་བྱ་བཏོན་གནང་བ་རེད།
ཝང་ཅུན་ཀྲེང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས་གསུངས་དོན། འདས་ཟིན་པའི་ལོ་གཅིག་ནང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ཏེ། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་བརྟན་པོར་བཙུགས་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་མཐུན་སྦྱོར་མཉམ་སྤེལ་དང་། ཕྱོགས་ཡོངས་ནས་ལེགས་སུ་གཏོང་བར་སྤྱི་འདོམས་སྐུལ་འདེད་བཏང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆབ་སྲིད་དང་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་ཏེ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས། ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལས་དོན་ཡོངས་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན་པས། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཆབ་སྲིད་ཀྱི་ངེས་གནས་དང་། འགན་འཁྲི་དང་ལས་འགན། གསར་གཏོད་ཀྱི་བླང་བྱ། འགག་རྩའི་བྱེད་ཐབས་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ཀྱིས་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ལས་ཀའི་ཆད་སྐྱོན་གསབ་པ་བཅས་བྱས་ནས། ཏང་འཛུགས་སྐྱོང་གི་ལེགས་ཆ་དང་ཏང་འཛུགས་སྐྱོང་གི་སྟོབས་ཤུགས་དག་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དང་ནུས་ཕྱོད་དུ་གང་ལེགས་སྒྱུར་དགོས། གཞི་རིམ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་མཐའ་འཁྱོངས། གཞི་རིམ་གྱི་འཐབ་ས་དང་པོ་ནས་ལས་བྱེད་པ་གསར་རྙེད་དང་། གསོ་སྐྱོང་། འདེམས་སྒྲུག བཀོལ་སྤྱོད་བཅས་ཧུར་ཐག་བྱས་ཏེ། བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཤུགས་རྒྱག་སར་ཤུགས་རྒྱག་པའི་རྣམ་པ་བཟང་པོ་སྔར་བས་ཆགས་པ་བཅས་བྱས་ནས། དཀའ་གནད་སེལ་བ་དང་འཕེལ་རྒྱས་ཀྱི་འགུལ་ནུས་ཆེ་རུ་གཏོང་བར་ཤེས་ལྡན་པའི་འདེགས་སྐྱོར་བརྟན་པོ་བྱེད་དགོས། དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཏེ། མངོན་སུམ་གྱི་ཤེས་པ་དེ་རྗེས་དཔག་གི་ཤེས་པར་སྒྱུར་བ་དང་། སྤྱོད་གོ་ཆོད་པའི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་གཏན་དུ་འཇགས་པར་བྱེད་པ། དཔེ་མཚོན་དང་དཔེ་སྟོན་གྱི་སྐུལ་ཁྲིད་ནུས་པ་གང་ལེགས་འདོན་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་ཏན་ཏིག་འདོན་ཐུབ་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བར་ཤུགས་ཆེན་པོ་རྒྱག་དགོས། བསམ་བློའི་རྨང་གཞི་བརྟན་དུ་བཏང་ནས། གཞི་རིམ་གྱི་ཏང་ཡོན་མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱོད་པར་སྣང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ཁ་གསལ་བཤད་དེ། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་གང་ལེགས་འདོན་དགོས། སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་དེ་དཀའ་གནད་སེལ་བའི་བྱེད་ཐབས་ཤིག་ཏུ་བརྩིས་པར། ལྗོངས་ཡོངས་སུ་སེམས་མཐུན་དང་། བློ་སྒྲིལ། ངར་ཤུགས་ལྡན་པ། ལས་སྒྲུབ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། དེར་བརྟེན། རིམ་ཁག་སྡེ་ཚན་ཁག་གིས་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་དེ་ལས་སྒོ་གྱོང་དུ་གཏོང་བ་དང་ཞབས་ཞུ་ལེགས་སུ་གཏོང་བ་དང་མཉམ་འདྲེས་བྱས་ནས། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་དེ་བས་ལེགས་པར་སྒྱུར་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་གཙོ་རྐང་འདི་དམ་པོར་བཟུང་སྟེ། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱས་པར་ཐོབ་པའི་བྱས་རྗེས་རླབས་པོ་ཆེ་དྲིལ་བསྒྲགས་ཤུགས་ཆེན་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལ་ངོས་འཛིན་ཟབ་མོ་ཐུབ་པར་ཁྲིད་སྟོན། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་ཁྲིད་སྟོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟིགས་སྐྱོང་གནང་ལུགས་དེ་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་སྒྱུར་དགོས། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ནུས་ཕྱོད་ཆེ་རུ་རྒྱུན་ཆད་མེད་པར་བཏང་ནས། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ལས་དོན་མཐའ་གཅིག་ཏུ་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། འབྱུང་རྩ་ནས་སྔོན་འགོག་དང་། གྲལ་བཤེར་དང་འདུམ་འགྲིག མཉམ་སྡེབ་གྲོས་མོལ་བཅས་ཀྱི“ལྷུ་ཚིགས་གསུམ”ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། གནད་དོན་དབྱེ་ཞིབ་བརྡར་གཅོད་དང་། གཙོ་གནད་ཚོགས་སྤྱིར་འགོག་ཟོན། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བཅས་ཀྱི“ནུས་པ་གསུམ”ཆེ་རུ་གཏོང་བ། སྟོབས་ཤུགས་མང་པོ་མཐུན་སྦྱོར་དང་། གནད་དོན་ཁག་བགོས་ནས་སེལ་བ། འགན་འཁྲི་ལྡོག་བཤེར་བཅས་ཀྱི“ལམ་སྲོལ་གསུམ”འཛུགས་པ་བཅས་བྱས་ནས། འགལ་ཟླ་དང་རྩོད་གཞི་གཞི་རིམ་ནས་སེལ་བ་དང་ཐོན་མ་ཐག་ནས་སེལ་གང་ཐུབ་བྱེད་དགོས། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ། དབུལ་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་དང་། ཞིང་འབྲོག་ཁུལ་གྱི་ཏང་ཡོན་ལས་བྱེད་པས་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱས་ཏེ། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་རོགས་རམ་བྱེད་དགོས། མཐའ་མཚམས་ཏང་འཛུགས་སྐྱོང་གི་གསར་བརྗེའི་ཁྱམས་རིང་བཏོད་དེ། དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”ཆ་སྒྲིག་མཉམ་སྐྲུན་ཟབ་ཏུ་རྒྱུན་མཐུད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ། མཐའ་མཚམས་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཀ་ཡོད་པ། ཕྱུག་པོ་ཆགས་ཐུབ་པར་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། དངོས་འཛིན་དངོས་སྒྲུབ་ཀྱིས་གཙོ་འགན་འཁུར་བ་དང་། ལྟ་དཔྱད་ངོ་མ་བྱས་ནས་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཕན་འབྲས་སྲ་བརྟན་དུ་བཏང་སྟེ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་རྒྱུན་མཐུད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། གཞི་རིམ་གྱི“རྟེའུས་ཐེར་ཆེན་འདྲུད་པའི”དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བ། གཞི་རིམ་གྱི་ལས་བྱེད་པར་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དུས་ཚོད་དང་སེམས་ནུས་དེ་བས་མང་བ་ལྡན་པར་བྱེད་པ། གཞི་རིམ་དུ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱེད་པ། འཐབ་ས་དང་པོའི་རྒྱ་ཆེ་བའི་གནམ་སར་བློ་སྟོབས་ཆེར་སྐྱེད་དང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་ཐུབ་པ་བཅས་བྱས་ནས། མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་ལས་རྗེས་འཇོག་དགོས།
ཚོགས་འདུ་དེ་ནི་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་རེད།