ཡན་ཅིན་ཧའེ་ཡིས“1·07”དིང་རིའི་ས་ཡོམ་གེགས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།
ཚེས་10ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས“1·07”དིང་རིའི་ས་ཡོམ་གེགས་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་སྟེ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་ཆེད་དོན་ཚོགས་ཆུང་བཞི་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ་བརྒྱུད་བསྒྲགས་གནང་བ་དང་། གེགས་རྗེས་བསྐྱར་སྐྲུན་གྱི་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་གསན་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་ལག་བསྟར་དོན་འཁྱོལ་གྱི་ལས་དོན་བཀོད་སྒྲིག་གནང་བ་རེད།
ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། ལས་ཀའི་ལམ་སྲོལ་གང་མགྱོགས་མཐུན་སྦྱོར་བྱས་ཏེ་གེགས་རྗེས་བསྐྱར་སྐྲུན་དེ་ཆེས་གལ་འགངས་ཆེ་བའི་ལས་དོན་ལ་བརྩིས་ནས“གོ་འཕེར་ཕྱོད་ཆེའི”རྩ་དོན་མཐའ་འཁྱོངས་དང་ལྷག་བསམ་རྣམ་དག་གིས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་མཐུན་སྦྱོར་དང་། གཟའ་འཁོར་རེར་བཀོད་གཏོང་། ཟླ་ཕྱེད་སྙན་སེང་། དུས་བཀག་ཚོགས་འདུ། དོན་ཆེན་ཐད་ཀར་དགོངས་སྐོར་སྙན་སེང་བཅས་ཀྱི་ལམ་ལུགས་འཛུགས་དགོས། གནོད་འཚེ་ཕོག་ཚུལ་གྱི་དཔྱད་དཔོག་གསལ་འབྱེད་མགྱོགས་མྱུར་ལེགས་སྒྲུབ་དང་སྟོབས་ཤུགས་ཧྲག་པོ་གང་མགྱོགས་སྒྲིག་འཛུགས་བྱས་ཏེ་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་དེ་ཕྱོགས་ཡོངས་དང་། ཞིབ་ཕྲ། ཡང་དག་བཅས་ཀྱི་སྒོ་ནས་གནོད་འཚེའི་གྱོང་གུན་ལ་དཔྱད་དཔོག་བྱས་ཏེ་དུས་ཐོག་ཏུ་གནོད་འཚེའི་གྱོང་གུན་སྐོར་གྱི་དཔྱད་དཔོག་སྙན་ཞུ་བཟོ་དགོས། སླར་གསོ་བསྐྱར་སྐྲུན་གྱི་ཇུས་གཞི་དང་འཆར་འགོད་དམ་འཛིན་གྱིས་བཟོས་ནས་གནོད་འཚེ་ཚབས་ཆེའི་ཁུལ་དང་གནོད་འཚེ་ཡང་ཁུལ་དང་། གནོད་འཚེ་ཕོག་པའི་དུད་ཚང་དང་གནོད་འཚེ་ཕོག་མེད་པའི་དུད་ཚང་། འཕྲལ་སྡོམ་དང་ཡུན་རིང་བཅས་དབར་གྱི་འབྲེལ་བ་སྤྱི་འདོམས་ཐག་གཅོད་ཡག་པོ་བྱས་ཏེ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་དཔེ་སྟོན་ཚད་ཤིང་ཧུར་ཐག་གཏོད་དགོས། སྤྱི་ཁང་དང་། སྒེར་ཁང་། ཚོང་ཁང་། དགོན་པ་སོགས་རིགས་དབྱེ་ཇུས་བསྟར་བྱས་ནས་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱས་ཏེ། གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་དང་། གཅིག་གྱུར་རང་སྐྲུན་སོགས་ཀྱི་བྱེད་ཐབས་སྟབས་བསྟུན་ངང་སྤྱོད་དགོས་པ་དང་། རྒྱུ་ཆ་གསར་པ་དང་ལག་རྩལ་གསར་པ་ཁྱབ་སྤེལ་དང་བེད་སྤྱོད་ཧུར་ཐག་བཏང་ནས་མི་དང་ཕྱུགས་རིགས་ལོགས་དབྱེ་དང“མགྲོན་བསུ་ཁང་དང་། ཉལ་ཁང་། ཐབ་ཚང་བཅས་ཀྱི་བྱེད་ནུས་ཁུལ་གསར་བརྗེས་ལ་སྐུལ་འདེད་གཏོང་དགོས་པ། གྲོང་གསེབ་འཆར་འགོད་དང་ཁང་པ་ཇུས་འགོད་བྱེད་པར་སྣ་མང་ཅན་དང་། ཁྱད་ལྡན་ཅན། དངོས་སྤྱོད་ཅན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ“གྲོང་ཚོ་སྟོང་རྣམ་པ་གཅིག”དང“རྩོམ་བརྒྱ་དོན་གཅིག”མི་ཡོང་བ་བྱེད་དགོས། “སྔོན་ལ་ཚད་འཇལ”ཧུར་ཐག་གིས་རྒྱབ་སྐྱོར་གྱི་སྲིད་ཇུས་ཞིབ་འཇུག་བྱས་ནས་བཏོན་ཏེ་བཀོད་སྒྲིག་དང་། ནོར་ཁྲལ། དངུལ་རྩ། སྐྱེ་ཁམས། ས་ཞིང་། ཐོན་ལས། རྣམ་གྲངས་ཞིབ་མཆན་སོགས་ལེ་ལག་ཚང་བའི་སྲིད་ཇུས་གང་མགྱོགས་བཏོན་ནས་ཞིབ་བཤེར་དང་ཆོག་མཆན་འཕྲལ་མར་སྤྲོད་པའི“ཐོགས་མེད་བགྲོད་ལམ”གཏོད་དགོས་པ། རྒྱུ་རྐྱེན་སྣ་ཚོགས་ཀྱི་འགན་སྲུང་སྔོན་ལ་ལེགས་པར་བསྒྲུབས་ཏེ། བསྐྱར་སྐྲུན་རྣམ་གྲངས“ཞིབ་བཤེར་ཆོག་མཆན་སྤྲད་མ་ཐག་ལས་འགོ་འཛུགས་ཐུབ་པར”བྱེད་དགོས་པ་དང་། ཀྲུང་དབྱང་པུའུ་ཨུད་ཀྱི་མཛུབ་ཁྲིད་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ་བོད་ཀྱི་ཀྲུང་དབྱང་ཁེ་ལས་ཀྱི“གཙོ་ཤུགས་དམག”གི་ནུས་པ་གང་ལེགས་འདོན་དགོས། ནན་པོ་དང་ཚད་ལྡན་གྱི་སྒོ་ནས་ལས་དོན་སྤེལ་ཏེ་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་མ་དངུལ་བེད་སྤྱོད་ཚད་ལྡན་དུ་གཏོང་བར་སྤྱི་འདོམས་བྱེད་དགོས། ཡིག་ཆ་དང་དཔྱད་གཞིའི་རིགས་དབྱེ་བ་དང་། ལེགས་སྒྲིག བསྡུ་རུབ། ཡིག་ཚགས་སུ་ཉར་ཚགས་བཅས་ཡག་པོ་བྱེད་དགོས། སྤྱོད་ཚུལ་མུ་མཐུད་ལེགས་སུ་བཏང་ནས་སྔོན་ལ་ལས་དོན་སྤེལ་བ་དང་ངོ་ཞུགས་འབད་ཐབས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། རུལ་རྒོལ་གྱི“གློག་ཆེན”ནན་པོ་སྲུང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་གེགས་རྗེས་བསྐྱར་སྐྲུན་ལས་གྲྭ་དེ་སྤྱོད་གཙང་ལས་གྲྭ་དང་། བདེ་འཇགས་ལས་གྲྭ། སྤུས་ཚད་ལས་གྲྭ་བཅས་སུ་སྐྲུན་དགོས།