དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་དིང་རི་རྫོང་དང་ལྷ་རྩེ་རྫོང་དུ་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-11

     ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཀརྨ་ཚེ་བརྟན་དིང་རི་རྫོང་དང་ལྷ་རྩེ་རྫོང་གི་གནོད་འཚེ་ཕོག་ཁུལ་གྱི་ཤང་དང་གྲོང་རྡལ་དུ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བར་ཕེབས་ནས། གནོད་འཚེ་ཕོག་པའི་མང་ཚོགས་དང་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རོགས་སྐྱོབ་དཔུང་ཁག་ལ་འཚམས་འདྲི་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་འཇོག་པ་དང་། ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ལེགས་པར་བསྒྲུབས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་གྲམ་སོ་ཤང་མགུ་རིང་གྲོང་ཚོ་དང་ཟིང་དཀར་གྲོང་ཚོ་སོགས་ཀྱི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་གུར་རེ་རེ་བཞིན་གྲལ་སྟར་སྒྲིག་པོས་ཕུབ་ཡོད་པ་དང་ལས་དོན་ཁག་ཏན་ཏིག་ངང་སྤེལ་བཞིན་ཡོད་པས་མང་ཚོགས་ཀྱི་འཚོ་བ་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོད། ཀརྨ་ཚེ་བརྟན་གུར་ནང་དང་མང་ཚོགས་ཁྲོད་ཕེབས་ནས་གནོད་འཚེའི་སྐོར་གྱི་སྙན་སེང་གསན་པ་མ་ཟད། བཀོད་སྒྲིག་བྱ་ཡུལ་འཛུགས་སྐྲུན་དང་གཞི་རྩའི་འཚོ་བ་འགན་ལེན་བྱས་ཚུལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་བ་རེད། གནོད་འཚེ་ཕོག་པའི་མང་ཚོགས་ཚོས་མིག་ཆུ་གཏོང་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་བཀའ་དྲིན་ཚོར་སེམས་ཞུས་པ་མ་ཟད། གུང་ཁྲན་ཏང་ཡག་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཡག རླབས་ཆེན་མེས་རྒྱལ་ཡག་བཅས་ལ་སྙིང་དབུས་ནས་བརྩེ་སེམས་མཚོན་ལུགས་ཀྱང་ཞུས་པ་རེད། གནོད་འཚེ་ཕོག་པའི་མང་ཚོགས་ཚང་མར་རོགས་སྐྱོབ་ཡག་པོ་བྱུང་བ་དང་བཀོད་སྒྲིག་ཡག་པོ་བྱས་པ་དང་། མང་ཚོགས་ཀྱི་སེམས་ཁམས་ཡག་པོ་ཡོད་པ། ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པའི་ངང་སླར་གསོ་བྱུང་བ་བཅས་མཁྱེན་སྐབས། ཀརྨ་ཚེ་བརྟན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཚང་མར་ཡོམ་འགོག་གེགས་སེལ་ནི་སྔར་བཞིན་འགག་རྩའི་དུས་སུ་གནས་ཡོད་པས། ང་ཚོས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་བཅས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཚེ་ཡོམ་འགོག་གེགས་སེལ་ལ་མཐའ་མའི་རྒྱལ་ཁ་ཐོབ་ངེས་ཡིན་པ་དང་། ཚང་མའི་ཁྱིམ་གཞིས་བསྐྱར་སྐྲུན་ཀྱང་དེ་བས་ལེགས་པར་ཐུབ་ངེས་རེད་ཅེས་ལྕག་སྐུལ་གནང་ཞིང་། ཁོང་གིས། མིག་སྔར་ཡོམ་འགོག་གེགས་སེལ་དེ་འཕྲལ་སྡོམ་རང་བཞིན་གྱི་གནས་སྐབས་བཀོད་སྒྲིག་ནས་གཏན་འཇགས་རང་བཞིན་གྱི་བར་བརྒལ་བཀོད་སྒྲིག་དུ་བསྒྱུར་ཡོད་པས། མི་སྣ་འཚོལ་སྐྱོབ་དང་བཀོད་སྒྲིག་ལས་དོན་མུ་མཐུད་ལེགས་པར་སྒྲུབ་པ་དང་ཆབས་ཅིག ནུས་ཤུགས་ཡོད་རྒུས་སྤོ་བདེའི་ཁང་པ་རྒྱག་པ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ། གནོད་འཚེ་ཕོག་པའི་མང་ཚོགས་དཔྱིད་གསར་དུས་ཆེན་གོང་བདེ་འཇགས་ལྡན་པའི“དྲོ་སོབ་སོབ་ཀྱི་ཁང་པའི”ནང་སྡོད་ཐུབ་པའི་འགན་ལེན་བྱེད་དགོས། ཡོམ་འཕྲོའི་ལྟ་ཞིབ་ཚད་ལེན་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་དགོས། ཕན་ནུས་ཆེ་ཞིང་གནད་ལ་འཁེལ་བའི་བཀོད་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ལྷག་བསམ་རྣམ་དག་དང་བརྩེ་སེམས་དངོས་ལ་བརྟེན་ནས་ཞབས་ཞུ་འགན་སྲུང་གི་ལས་དོན་ཡག་པོ་བསྒྲུབས་ནས། གནོད་འཚེ་ཕོག་པའི་མང་ཚོགས་ཚང་མར་ཆུ་ཁོལ་འཐུང་རྒྱུ་ཡོད་པ་དང་། ཁ་ལག་ཚ་པོ་ཟ་རྒྱུ་ཡོད་པ། དྲོ་སོབ་སོབ་ཀྱི་ཁང་པའི་ནང་སྡོད་རྒྱུ་ཡོད་པ་བཅས་ཀྱི་འགན་ལེན་བྱེད་པ་དང་། ཏང་ཨུད་དང་སྲིད་གཞུང་གི་བྱམས་བརྩེ་ཟབ་མོར་བརྟེན་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཅེས་སྐྱོང་ཡག་པོ་བྱེད་དགོས། མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམ་པོར་དམིགས་ནས་དངོས་ཟོག་བགོ་བཤའ་རྒྱག་པའི་ལས་དོན་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ཏེ། དུད་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པར་བྱས་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་སྤྱི་ཚོགས་ལས་རིགས་ཁག་གི་སེམས་ཁུར་མང་ཚོགས་ཚང་མའི་སེམས་ནང་དངོས་འབྲེལ་ཚོར་བར་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་གྲོང་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གེགས་ཁུལ་མང་ཚོགས་རང་སྟོབས་རང་སྤེལ་དང་རང་སྐྱོབ་རོགས་རེས་བྱེད་པར་ཁྲིད་སྟོན་བྱས་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཡོང་བར་བྱེད་དགོས། མིག་སྔར་གཞི་ཚུགས་པ་དང་། ཕུགས་ལ་དམིགས་པ། གནད་ཁྱོན་ཟུང་འབྲེལ། གཞི་གཅིག་ཇུས་འགོད་བཅས་བྱས་ཏེ། ཡོམ་འགོག་གེགས་སེལ་དང་། གནོད་སྐྱོན་ཚོད་སྐོར། གེགས་རྗེས་བསྐྱར་སྐྲུན་སོགས་ཀྱི་ལས་དོན་མཉམ་དུ་སྤེལ་དགོས་ཞེས་གསུངས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།