ཡན་ཅིན་ཧའེ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་ནས་དིང་རི་རྫོང་གི་ཡོམ་འགོག་གེགས་སེལ་ལས་དོན་ལ་བཀོད་འདོམས་གནང་བ།
ཚེས་7ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་ནས་བརྙན་ལམ་ཚོགས་འདུ་འཚོགས་ཏེ་དིང་རི་རྫོང་གི་ཡོམ་འགོག་གེགས་སེལ་ལས་དོན་ལ་བཀོད་འདོམས་དང་བཀོད་གཏོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གེགས་ཁུལ་གྱི་མང་ཚོགས་ལ་ཐུགས་ཁུར་གཟིགས་སྐྱོང་གནང་བ་གང་ལེགས་མཚོན་ཡོད་ལ། ང་ཚོས་མིག་སྔའི་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གནོད་འཚེ་ཕོག་ཡུལ་དངོས་སུ་ཕེབས་ནས་རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འཕྲལ་མར་བཀོད་གཏོང་བཀོད་སྒྲིག་གནང་བ་དང་འབྲེལ་ཡོམ་ཁུལ་དུ་ཕེབས་ཏེ་བཀོད་འདོམས་གནང་བ། རང་སྐྱོང་ལྗོངས་ཀྱིས་ས་ཡོམ་གྱི་རིམ་པ་དང་པོའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ་དང་། འབྲེལ་ཡོད་སྡེ་ཚན་དང་གེགས་ཁུལ་གྱི་གྲོང་ཁྱེར་དང་རྫོང་གི་ཏང་ཨུད་དང་སྲིད་གཞུང་གིས་རང་འགུལ་ངང་ཁ་གཏད་ཧུར་ཐག་བཅག་སྟེ་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་མང་ཚོགས་མགྱོགས་མྱུར་གནས་སྤོ་བཀོད་སྒྲིག་བྱས་ཤིང་། ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་མྱུར་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གནོད་འཚེ་ནི་བཀའ་རྒྱ་ཡིན་ལ། གེགས་ཁུལ་ནི་གཡུལ་ས་རེད། གནོད་འཚེ་ཆེན་པོ་དང་དཀའ་ངལ་ཆེན་པོའི་མདུན་དུ་འགག་རྩ་ནི་ཆབ་སྲིད་དང་སྒྲིག་ཁྲིམས་ལ་སྣང་ཆེན་བྱེད་དགོས་པ་དེ་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག འབྲེལ་ཡོད་གྲོང་ཁྱེར་དང་རྫོང་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སྒུལ་ཤུགས་སུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བཀའ་རྒྱར་བརྩི་སྲུང་དང་བཀོད་འདོམས་དང་ལེན་ཞུ་བ་དང་། ཐོག་མཐའ་བར་གསུམ་དུ་ཚེ་སྲོག་མྱུར་སྐྱོབ་བྱེད་པ་དེ་ལས་འགན་ཨང་དང་པོར་བརྩིས་ནས་སྲོག་སྐྱོབ་ཀྱི་དུས་ཚོད་ཡག་ཤོས“ཆུ་ཚོད་72”དམ་འཛིན་བྱེད་པ། དཀའ་གནས་སུ་གྱར་བའི་མང་ཚོགས་ཕྱོགས་ཡོངས་ནས་འཚོལ་སྐྱོབ་བཅས་བྱས་ཏེ་མི་གཅིག་ཀྱང་མ་ལུས་པ་དང་ཁུག་གསང་གཏན་ནས་མ་ལུས་པའི་འགན་ལེན་བྱེད་དགོས་པ་དང་། འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་སྒྱུར་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་འགྲོ་ལམ་འགྲིམ་འགྲུལ་གྱི་འགྲོ་ལམ་གཙང་གཤོང་དང་། མྱུར་བཟོ་ཤར་བགྲོད། འཕྲལ་སྡོམ་སྐྱེལ་འདྲེན་བཅས་ཀྱི་ལས་དོན་ལེགས་པར་བསྒྲུབས་ནས་གེགས་ཁུལ་དུ་འགྲོ་འོང་བྱེད་པའི་རོགས་སྐྱོབ་རླངས་འཁོར་དང་མི་སྣར་སྤྱི་འདོམས་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་སྟེ། རོགས་སྐྱོབ་མི་སྣ་དང་དངོས་ཟོག་གེགས་ཁུལ་དུ་དབོར་ཐུབ་པ་དང་ཚབས་ཆེའི་རྨས་མ་མྱུར་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས་པ། སྤྱི་ཚོགས་བདེ་འཇགས་ཀྱི་འབྱུང་རྩ་ནས་སྔོན་འགོག་དང་། དོ་དམ་དང་ཚོད་འཛིན་ནན་པོ། གནས་ཚུལ་སྔོན་བརྡ་སོགས་ཀྱི་བྱེད་ཐབས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་འགལ་བ་དང་རྩོད་གཞི་ཐོན་མ་ཐག་ནས་ཏན་ཏིག་བསལ་ཏེ་སྤྱི་ཚོགས་ཁྱོན་ཡོངས་བརྟན་པོ་དང་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱེད་དགོས་པ། དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་དང་ཆ་འཕྲིན་བརྡ་ཁྱབ་གཏོང་བའི་ལས་ཀའི་ལམ་སྲོལ་དང་ཐག་གཅོད་གོ་རིམ་འཐུས་སྒོ་ཚང་དུ་བཏང་ནས་དབང་གྲགས་ལྡན་པའི་ཆ་འཕྲིན་དུས་ཐོག་ཏུ་སྤེལ་ཏེ། སྤྱི་ཚོགས་ཀྱི་དངངས་སྐྲག་བསམ་པ་བསལ་ནས་གེགས་ཁུལ་གྱི་མི་སེམས་བརྟན་པོ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ། ས་ཡོམ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞོར་ཐོན་གནོད་འཚེ་ཐོན་དོགས་ལ་ཞིབ་འཇུག་བརྡར་གཅོད་དང་སྔོན་འགོག་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཡོམ་འགོག་བྱེད་པར་འགན་སྲུང་ནུས་ལྡན་བྱེད་དགོས་པ། བཀོད་སྒྲིག་འགན་སྲུང་ཐད་རྒྱུན་མཐུད་ནུས་ཤུགས་བཏོན་ནས་བཀོད་སྒྲིག་བྱ་ཡུལ་གྱི་རྒྱུན་གཏན་གྱི་དོ་དམ་བྱེད་ཐབས་སྔར་བས་ཞིབ་ཕྲ་བཟོ་བ། ཆུ་དང་། གློག དྲ་རྒྱའི་འཕྲིན་གཏོང་། ཁོར་ཡུག་འཕྲོད་བསྟེན་སོགས་ཀྱི་ཞབས་ཞུའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པར་ཐབས་བརྒྱ་ཇུས་སྟོང་གིས་འགན་སྲུང་བྱེད་དགོས།