དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་ལྷ་སར་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་། ཟོག་གོང་བརྟན་པོ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-03

    2024ལོའི་ཟླ་12ཚེས་31ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་སར་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་། ཟོག་གོང་བརྟན་པོ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་དམངས་འཚོ་འགན་ལེན་དང་ལེགས་གཏོང་དང་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ཐོག་མཐའ་བར་གསུམ་དུ་ལག་བསྟར། དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་འགན་འཁུར་བའི་འདུ་ཤེས་ཐོག་ནས་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་བདེ་འཇགས་དང་། བདེ་ཐང་། སྤྲོ་སྣང་། འཆམ་མཐུན་བཅས་ཀྱི་ལོ་གསར་ཞིག་གཏོང་རྒྱུ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    རེན་ཝེ་དང་ཞུས་ཀྲི་ཐའོ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    མཁོ་སྤྲོད་འགན་ལེན་དང་། ཟོག་གོང་བརྟན་པོ། ཟས་རིགས་བདེ་འཇགས། ཁྲོམ་རའི་སྒྲིག་ལམ་བཅས་ནི་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད། གནམ་ལོ་གསར་ཚེས་ཀྱི་སྔ་ནུབ་ཏུ་ཀརྨ་ཚེ་བརྟན་དང་བཅས་པ་རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་དོན་གྲོང(དགུན་དུས་ཀྱི་ཚགས་ཤ་དང་ལུག་ཤ་གཅིག་སྡུད་ཕྱིར་ཚོང་ས་ཚིགས)དང་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་རར་ཕེབས་ཏེ།  ཚོང་པ་དང་སྤེལ་རེས་གཏིང་ཟབ་ཀྱིས་ཟོག་གོང་དང་། མཁོ་སྤྲོད། ཡོང་འབབ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། ཚོང་དུད་ལ་ཁ་དན་ཚིག་གནས་ཀྱིས་གཉེར་སྐྱོང་བྱེད་དགོས་པའི་སྐུལ་ལྕག་གནང་བ་མ་ཟད། ཁོ་ཚོར་དངོས་ཟོག་བྲིན་ཁ་རྒྱུག་པོ་ཡོང་བའི་སྨོན་འདུན་ཡང་ཞུས་ཤིང་། ཁོང་གིས་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་གང་ལས་ཀྱང་ལྷག་པ་ཡོད་པས་བཟའ་བཅའི་བདེ་འཇགས་ཀྱི“ནན་ཤོས་བཞིའི”བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། “ཞིང་ཁ་ནས་གསོལ་ཅོག”བར་གྱི་འགོག་སྲུང་འགག་སྒོ་ཚང་མ་ཡག་པོ་བསྲུངས་ནས“ལྕེ་ཐོག་གི་བདེ་འཇགས”ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ཝང་ཧྥུའུ་ཅིང་ཉོ་སྒྲུབ་ལྟེ་གནས་སུ་ཀརྨ་ཚེ་བརྟན་གྱིས་བཅའ་སྡོད་ཚོང་པ་དང་བྱམས་བརྩེའི་སྤེལ་རེས་གནང་ཞིང་། ཁོ་ཚོར་ཡིད་ཆེས་ཆེ་རུ་གཏོང་བ་དང་། སྔོན་དཔག་གྲུབ་ཐབས་བྱེད། ངང་རྒྱུད་རིང་པོ་བཅས་བྱས་ཏེ་ཚོང་ཁང་ཨང་དང་པོའི་དཔལ་འབྱོར་ལེགས་ཆ་འདོན་པ། ཚོང་ཁང་གྲགས་ཅན་གྱི་ལེགས་ཆ་འདོན་གང་ཐུབ་བྱེད་པ། བོད་དུ་རྩ་བ་བཙུགས་ནས་ཁྲོམ་ར་གཉེར་བ། འཛད་སྤྱོད་ཀྱི་རྣམ་པ་གསར་པ་དེ་བས་མང་པོ་གཏོད་པ་བཅས་བྱས་ཏེ། སྤུས་ཀ་དག་པའི་ཚོང་ཟོག་དང་འཐུས་སྒོ་ཚང་བའི་ཞབས་ཞུར་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དེ་བས་ལེགས་པར་སྐོང་དགོས་པའི་སྐུལ་ལྕག་གནང་བ་རེད།

    རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིར་ཀརྨ་ཚེ་བརྟན་གྱིས་བཀོད་གཏོང་ཚོད་འཛིན་ལྟེ་གནས་སུ་ཕེབས་ཏེ། གློག་དྲ་འཁོར་སྐྱོད་དང་དེ་བཞིན་དགུན་དཔྱིད་གཉིས་ཀྱི་གློག་ཤུགས་མཁོ་སྤྲོད་འགན་ལེན་སོགས་ཀྱི་གནས་ཚུལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་གློག་ཤུགས་མཁོ་འདོན་འགན་ལེན་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། རྒྱལ་ཁབ་གློག་དྲས་ལས་ཀ་ཧུར་ཐག་བྱས་ཏེ་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། འགན་སྲུང་བྱེད་ཐབས་སྤྱོད་ཤུགས་ཆེ་རུ་གཏོང་བ། མཁོ་སྤྲོད་སྙོམ་སྒྲིག་ལེགས་སྒྱུར་བྱེད་པ། བདེ་འཇགས་ཀྱི་མཐའ་ཚད་ནན་སྲུང་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་དགུན་ཁ་སྐྱེལ་རྒྱུ་ཡོང་བར་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    “དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་ཚུན། ཡུལ་སྐོར་བ་མང་པོ་བོད་དུ་ཡུལ་སྐོར་ལ་སླེབས་ཤིང་། ཕོ་བྲང་པོ་ཏ་ལར་ཀརྨ་ཚེ་བརྟན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ལྟ་སྐོར་གནང་བ་དང་། བོད་དུ་ཡོང་མཁན་ཡུལ་སྐོར་བ་དང་བྱམས་བརྩེའི་སྤེལ་རེས་གནང་ནས་དགུན་དུས་བོད་ལ་ཡུལ་སྐོར་བྱེད་རིང་གི་མྱོང་ཚོར་མཁྱེན་རྟོགས་གནང་བ་མ་ཟད། ཁོ་ཚོར་བོད་དུ་ཡུལ་སྐོར་བྱེད་རིང་ལུས་བདེ་སེམས་སྐྱིད་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། ཁོང་གིས་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་ཤིན་ཏུ་ཆེ་བས། ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་ནས་ཡུལ་སྐོར་ཐོན་རྫས་ཁྱད་པར་ཅན་མཁོ་སྤྲོད་བྱེད་པ་དང་། ཡུལ་སྐོར་ཐོན་རྫས་གསར་བརྗེས་བྱེད་པ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཡུལ་སྐོར་བའི“གྲངས་ཚད”དཔལ་འབྱོར་འཕེལ་རྒྱས་ཀྱི“འཕར་ཚད”དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། མེ་ཟོན་བདེ་འཇགས་ལས་དོན་གྱི་འགན་འཁྲི་རི་བོ་ཐའེ་ཧྲན་ལས་ཀྱང་ལྕི་བའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ། བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱས་ནས་ཕོ་བྲང་པོ་ཏ་ལའི་རིག་དངོས་གནའ་ཤུལ་གྱི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།