བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་60འཁོར་བའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།
ཝང་ཅུན་ཀྲེང་ཕེབས་ནས་གསུང་བཤད་གནང་བ་དང་། ཀྲུའུ་ཅན་ཕིང་གིས་ཤིས་ཚིག་གསུངས་པ། ལིའུ་ཅང་ཞུགས་པ།
2024ལོའི་ཟླ་12ཚེས་30ཉིན། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་60འཁོར་བའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བཞིན་པ།
2024ལོའི་ཟླ་12ཚེས་30ཉིན། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་60འཁོར་བའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།
● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བོད་ཀྱི་བཟོ་ཚོགས་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
2024ལོའི་ཟླ་12ཚེས་30ཉིན། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་60འཁོར་བའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བོད་ཀྱི་བཟོ་ཚོགས་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས“དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”དོན་འཁྱོལ་ལ་དམིགས་པ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་ཚོ་སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་འབད་འཐབ་བྱེད་པར་སྐུལ་སློང་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཏང་ཙུའི་ཁོངས་མི་བཅས་ཡིན་པའི་ཀྲུའུ་ཅན་ཕིང་གིས་ཤིས་ཚིག་བསྒྲོན་པ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། ཀུང་ཧུའེ་ཚའེ། ཐང་མིང་དབྱིང་། ལུའོ་མེ། མོང་ཞའོ་ལིན་བཅས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་60འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ལོ་60ཡི་རིང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་ལྗོངས་ཡོངས་ཀྱི་རྒྱ་ཆེའི་བཟོ་པའི་གྲལ་རིམ་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བོད་ལྗོངས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་བྱ་གཞག་རླབས་པོ་ཆེའི་ནང་ཧུར་ཐག་ཞུགས་ནས་བསམ་བློར་བཅིངས་འགྲོལ་དང་། འདུ་ཤེས་གསར་སྒྱུར། དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། 2024ལོ་ནི་བོད་ལྗོངས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་སྤྱིར་བཏང་མིན་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་དང་། དཔལ་འབྱོར་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ། དཔལ་འབྱོར་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཅས་ཕྱིན་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཧུར་ཐག་བསྐྱོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་ཕྱིན་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། དམངས་འཚོ་འགན་ལེན་ཏན་ཏིག་ནུས་ལྡན་བཅས་བྱུང་ནས་བྱ་གཞག་ཁག་རྒྱུན་ཆད་མེད་པར་ཡར་རྒྱས་གསར་པ་བྱུང་ཡོད། དེའི་ནང་ལྗོངས་ཡོངས་ཀྱི་བཟོ་པའི་གྲལ་རིམ་གྱི་དཀའ་སྤྱད་འབད་བརྩོན་དང་རྔུལ་ཆུ་ཡང་འདུས་ཡོད། དུས་རབས་རེར་དུས་རབས་རེའི་འགན་འཁྲི་ཡོད་པ་དང་མི་རབས་རེར་མི་རབས་རེའི་ལས་འགན་ཡོད། རྒྱང་ལམ་གསར་པར་སྐྱོད་པར་ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་པ། བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་སྲོལ་དུ་བརྩི་བ། ལས་བཟོའི་བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཏང་གིས་བོད་དུ་སྲིད་སྐྱོང་བའི་གྲལ་རིམ་རྨང་གཞི་དང་མང་ཚོགས་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འགན་འཁུར་ཕོད་པ་དང་བློ་བརྟན་འགྱུར་མེད་ཀྱིས“དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”དོན་འཁྱོལ་ལ་དམིགས་ནས། རྒྱ་ཆེའི་ལས་བཟོ་རྣམས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཁ་གསལ་བཟོས་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི“འཛུགས་གཏོད་བཞིའི”འབད་འཐབ་དམིགས་ཚད་དུ་ཞིབ་ཕྲར་གྱུར་ཡོད། བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་རྒྱུ་ནི་ཡུན་རིང་འབད་འཐབ་བྱེད་པའི་དམིགས་ཚད་དང་ལས་འགན་ཞིག་ཡིན་ལ། ལྗོངས་ཡོངས་ཀྱི་བཟོ་པའི་གྲལ་རིམ་གྱིས་ངེས་པར་དུ་ཕྲག་ཏུ་འཁུར་དགོས་པའི་ལོ་རྒྱུས་ཀྱི་ལས་འགན་གསར་པ་ཞིག་ཀྱང་རེད། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་མཐའ་འཁྱོངས་བྱེད་པ། མང་ཚོགས་རང་བཞིན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོར་འཛུགས་པ་བཅས་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་སྲུང་སྐྱོང་བ་ཞིག་བྱེད་དགོས། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་དམིགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། བདག་པོའི་འདུ་ཤེས་ཟབ་ཏུ་གཏོང་བ། རང་འཁྲིའི་ལས་གནས་དེ་གསར་གཏོད་ཀྱི་གཡུལ་སར་བརྩི་བ། དཔལ་འབྱོར་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོར་ཧུར་ཐག་ཞུགས་པ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དང་། མཐའ་དར་དང་། དམངས་ཕྱུག མཐའ་བརྟན་བཅས་ཀྱི་བྱ་སྤྱོད་ནང་ཧུར་ཐག་ཞུགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་ཞིག་བྱེད་དགོས། ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་ནས་ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། བྱ་བ་གང་སྒྲུབ་དེ་ལ་དགའ་ཞེན་དང་སྤུས་དག་བསྒྲུབས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་འགག་སྒྲོལ་དཀའ་སེལ་དང་ནུས་པ་ཆེ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་པ་ཞིག་བྱེད་དགོས། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་ནས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ་དང་། “ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཟུང་འབྲེལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བྱེད་པ། ཀུན་སྤྱོད་བློ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྲོལ་གསར་སྤྱོད་བཟང་གི་སྣེ་ཁྲིད་པ་ཞིག་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱི་ལས་ཀའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་ཏང་གི་བྱ་གཞག་ལ་བློ་དཀར་སེམས་དཀར་དང་། ལྟེ་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་གསར་གཏོད་ཟབ་ཏུ་གཏོང་བ། ལྟེ་བ་དང་གཙོ་གནད་གཤམ་ལ་ཕྱོགས་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། བཟོ་ཚོགས་ཀྱི་ལས་དོན་གཞི་རིམ་དང་ལས་བཟོར་སྔར་བས་ཉེ་བཅར་དང་བཟོ་ཚོགས་རྩ་འཛུགས་དེ“ལས་བཟོའི་ཁྱིམ་གཞིས”ལ་བསྐྲུན་པར་འབད་བརྩོན་བྱེད་དགོས། འགན་འཁྲི་ནན་ཏན་ངང་བསྒྲུབས་ནས་མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བལྟ་བ་དང་གནད་དོན་ལ་བསམ་གཞིག་བྱེད་པ་དང་། བརྩེ་སེམས་དངོས་བཅངས་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་པ། “དགོས་པ་དུས་སུ་སྨིན་པའི”བྱ་བ་མང་ཙམ་སྒྲུབ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཚད་མཐོའི་མཐོང་ཆེན་བྱེད་པ། ཁྲིམས་ལྟར་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་དྲང་གཞག་དྲང་བདེན་ཚོར་བ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ཏང་གིས་བཟོ་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་པར་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། བཟོ་ཚོགས་ཀྱི་ལས་དོན་ཉིན་རེའི་གྲོས་རིམ་ནང་བཞག་ནས་བཟོ་ཚོགས་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་ནན་ཏན་བྱས་ཏེ་བཟོ་ཚོགས་ཀྱི་ལས་དོན་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་ཡོང་བའི་འགན་ལེན་བྱེད་དགོས། བཟོ་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བཟོ་ཚོགས་ཀྱིས་ཁྲིམས་དང་སྒྲིག་ཡིག་གཞིར་བཟུང་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་པ། བཟོ་ཚོགས་རྩ་འཛུགས་ཀྱི་དཀའ་ངལ་དངོས་ཐག་གཅོད་ཏན་ཏིག་བཅས་བྱས་ནས་བཟོ་ཚོགས་ཀྱིས་འགན་འཁྲི་སྒྲུབ་པར་ཆ་རྐྱེན་དེ་བས་ལེགས་པ་སྐྲུན་དགོས།
ཀྲུའུ་ཅན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཚབ་ཞུས་ནས་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་60འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་དོན་ཁག་ལ་ཐོབ་པའི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་བཟོ་ཚོགས་ཁོངས་གཏོགས་སུ་གསོན་ཉམས་དོད་པའི་ལག་ལེན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། མི་རིགས་ཁག་གི་ལས་བཟོ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་རྒྱང་ལམ་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་བཞག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་ཏུ་སྒྲིལ་དགོས་པ། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་ཁྲོད་ལས་བཟོའི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ། བཟོ་ཚོགས་སྒྱུར་བཅོས་དང་འཛུགས་སྐྲུན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་བཟོ་ཚོགས་རྩ་འཛུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཆེ་རུ་ནུས་ལྡན་བཏང་ནས། གསར་འབྱེད་གསར་གཏོད་དང་དཔའ་སྐྱེད་མདུན་སྐྱོད་ཀྱིས་བོད་ཀྱི་བཟོ་པའི་ལས་འགུལ་བྱ་གཞག་དང་བཟོ་ཚོགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ཐུགས་རེ་གནང་བ་རེད།