ཝང་ཅུན་ཀྲེང་གིས་ལོ་འགོ་ལོ་མཇུག་གི་བདེ་འཇགས་བརྟན་ལྷིང་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་ལ་ཆེད་དོན་བརྟག་ཞིབ་གནང་བ།
● ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།
2024ལོའི་ཟླ་12ཚེས་31ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལོ་འགོ་ལོ་མཇུག་གི་བདེ་འཇགས་བརྟན་ལྷིང་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་ལ་ཆེད་དོན་བརྟག་ཞིབ་གནང་བ་དང་འཐབ་ཕྱོགས་དང་པོར་འབད་བརྩོན་བྱེད་བཞིན་པའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་མེ་གསོད་བཀོད་འཐབ་པར་གཟིགས་ནས་འཚམས་འདྲི་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་བློ་མཐུན་ཚོས་དཀའ་སྤྱད་ལས་སྒྲུབ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱས་ཏེ“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ཐོག་ནས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་དམ་འཛིན་ཞིབ་ཕྲ་དང་ཏན་ཏིག་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཐོག་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཀྲང་ཧུང་པོ་བཅས་ཞུགས་པ་རེད།
ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་ཡན་ལག་ཅུས་ཀུན་བདེ་གླིང་མངགས་གཏོང་ཁང་དུ་ཕེབས་ནས་བདེ་སྲུང་ཁང་དང་། གྱོད་སྒྲུབ་རུ་ཁག ཕྱོགས་བསྡུས་བཀོད་འདོམས་ཁང་། གཟི་བརྗིད་མཚན་སྙན་ཁང་བཅས་སུ་ལས་སྒྲུབ་འཁོར་སྐྱོད་དང་། དམངས་ཕན་ཞབས་ཞུ། དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཐེམ་ཐོ་བཟོ་བ་དང་། ཉེན་དོན་དང་ལེན་ཐག་གཅོད། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་ཐག་གཅོད་སོགས་ཀྱི་ལས་དོན་ལ་འདྲི་རྩད་ཞིབ་ཕྲ་གནང་བ་རེད།
དེ་རྗེས་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་ཡན་ལག་ཅུས་ནུབ་ཁུལ་བཀོད་འདོམས་པུའུ་རུ་ཕེབས་ནས་སྤྱི་ཚོགས་ངོས་ཀྱི་དོ་དམ་ཚོད་འཛིན་དང་འཕྲལ་འདོམས་སོགས་ཀྱི་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་བརྙན་ལམ་ནས་བཀོད་གཏོང་གནང་བ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱི་སྙན་སེང་གསན་པ་དང་། ལྗོངས་ཡོངས་ཀྱི་སྤྱི་བདེ་འཐབ་ཕྱོགས་ཀྱིས་འགན་འཁྲི་ལྷག་བསམ་རྣམ་དག་བསྒྲུབས་པ་དང་རང་འགན་ཐེག་པ་ཁུར་ལེན་བྱས་ཏེ་ཏན་ཏིག་ནུས་ལྡན་གྱི་ལས་དོན་ལ་བརྟེན་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་པའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཝང་ཅུན་ཀྲེང་གིས། ད་ལོ་ཚུན་དུ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས་བརྟན་པོ། དམངས་འཚོའི་བདེ་རྩ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བ་བཅས་བྱུང་ནས་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་གྱི་རྣམ་པ་ཞིག་མངོན་ཡོད། གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་རེད་ལ། སྤྱི་བདེ་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ཉེན་རྟོག་པས་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུའང་རེད། ཚང་མས་མུ་མཐུད་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་རང་འགན་གཙང་སྒྲུབ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བར་ཕན་འབྲས་གསར་པ་ཐོན་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་བྱས་ཏེ། ལྷོད་གཡེང་གི་བསམ་བློ་དང་། དམག་འཐབ་ལ་སུན་སྣང་བྱེད་པ། སྟེས་དབང་གི་བསམ་པ། སྣང་མེད་ཀྱི་སེམས་ཁམས་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཚན་རིག་ཅན་གྱི་ལམ་སྲོལ་དང་། རྒྱུན་རྣམ་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་རྒྱུན་གཏན་དང་གཞི་རིམ་དུ་བསྒྲུབས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་བླང་བྱ་དང་བྱེད་ཐབས་ཁག་དོན་འཁྱོལ་ཏན་ཏིག་ཡོང་བར་འགན་ལེན་བྱེད་དགོས། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དམ་དུ་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་སྒྲིག་ཁྲིམས་ནན་དུ་གཏོང་བ། བྱེད་སྒོ་ཆེ་གྲས་ཀྱི་བདེ་འཇགས་དོ་དམ་དང་། སྤྱི་ཚོགས་ངོས་ཀྱི་བདེ་འཇགས་སྐོར་གཡེང་དང་སྔོན་འགོག་ཚོད་འཛིན། མི་ཚོགས་མཐུག་སའི་བདེ་འཇགས་འགོག་ཟོན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་དངོས་སུ་ཐུབ་པར་བྱས་ཐོག་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཧུར་ཐག་གཏོད་དགོས།
གཞི་རིམ་ལ་དམ་འཛིན་ཆེན་པོ་བྱེད་པའི་སྟོན་ཕྱོགས་གསལ་པོ་བརྟན་པོར་འཛུགས་དགོས་ཤིང་། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ཐོག་གཞི་རིམ་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀའི་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ། འབྱུང་རྩ་ནས་བཅོས་སྒྲིག་དང་། གྲལ་བཤེར་འདུམ་འགྲིག ཐུན་མོང་གྲོས་མོལ་བཅས་ལྷུ་ཚིགས་གསུམ་ལ་དམ་འཛིན་ཧུར་ཐག་བྱས་ཏེ་དབྱེ་ཞིབ་བརྡར་གཅོད་དང་། སྔོན་འགོག་དང་ཚོད་འཛིན་བརྟན་པོ། འདུམ་སྒྲིག་ཐག་གཅོད་བཅས་ནུས་པ་གསུམ་ཆེ་རུ་རྒྱུན་ཆད་མེད་པར་གཏོང་བ། སྟོབས་ཤུགས་མང་པོ་མཐུན་སྦྱོར་དང་། ཁག་བགོས་འདུམ་སྒྲིག འགན་འཁྲི་ལྡོག་བཤེར་བཅས་སྒྲིག་སྲོལ་གསུམ་བཙུགས་ནས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། འགལ་བ་དང་རྩོད་གཞི་གཞི་རིམ་དུ་འདུམ་སྒྲིག་དང་ཐོན་མ་ཐག་མེད་པར་བཟོས་ཏེ་གཞི་རིམ་བཅོས་སྐྱོང་གི་རང་འགུལ་དབང་ཆ་དམ་པོར་འཛིན་དགོས། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དང་ཆ་འཕྲིན་ཅན་ལ་བརྟེན་ནས་འཐབ་འཛིང་ནུས་པ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཐོག་དྲ་མིག་ཅན་གྱི་དོ་དམ་དང་། ཞིབ་ཚགས་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་གཞི་རིམ་བཅོས་སྐྱོང་ལས་སྟེགས་འཐུས་ཚང་དུ་རྒྱུན་ཆད་མེད་པར་བཏང་ནས་ཉེན་དོན་ཕན་ནུས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་པོར་འཛུགས་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ལས་ཀའི་ཞན་ཆ་བསལ་ཐོག་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱས་ཏེ། གནད་དོན་མཉམ་བཅོས་དང་། ལས་དོན་མཉམ་སྤེལ། དུས་བདེ་མཉམ་གཏོད་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་བཏང་ནས། བརྟན་ལྷིང་སྲུང་སྐྱོང་གི་ཕན་འབྲས་དངོས་ལ་བརྟེན་ནས་ལས་ཀའི་ནུས་པ་དང་ཆུ་ཚད་ལ་ཞིབ་བཤེར་བྱེད་དགོས།
ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས་ཤིང་། མང་ཚོགས་ལམ་ཕྱོགས་སུ་ཡག་པོར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཐོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་དང་ལས་ཀ་བྱེད་སྟངས་ལེགས་སུ་བཏང་ནས་དམངས་འཚོར་ཕན་ཐོགས་པ་དང་། དམངས་སེམས་དྲོ་བ། དམངས་འདོད་དང་མཐུན་པ་བཅས་ཀྱི་ཉེ་འགྲམ་གྱི་བྱ་བ་དང་ཞིབ་ཕྲའི་བྱ་བ་ཡག་པོར་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་གཏོང་དགོས། སྤྱི་པའི་བདེ་འཇགས་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཀྱི་འགན་འཁྲི་ནན་དུ་བཏང་ཐོག་འགྲོ་ལམ་འགྲིམ་འགྲུལ་དང་། གྲོང་ཁྱེར་འཁོར་སྐྱོད། མི་ཚོགས་མཐུག་ས་སོགས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་རིགས་ལ་དམ་པོར་དམིགས་ཏེ། མང་ཚོགས་འཁྲིས་ཀྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ལ་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་དགོས། གནོད་འཚེ་སྔོན་འགོག་ལས་དོན་རང་འགུལ་ངང་ཧུར་ཐག་བསྒྲུབས་ནས་གནོད་འཚེ་ཐོན་ཕྱོགས་ལ་གྲོས་མོལ་དབྱེ་ཞིབ་དང་ལྟ་ཞིབ་ཚད་ལེན་བྱས་ནས་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་དང་ཆ་འཕྲིན་འབྲེལ་གཏུག་ཐབས་ལམ་ཤར་གཏོང་ཐུབ་པར་བྱས་ཏེ། གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས།