དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པར་སྤྲིངས་པའི་འཚམས་འདྲིའི་ཡི་གེ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-02

    ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། བློ་མཐུན་རྒན་གྲས་བཅས་ལ།

    གནམ་ལོ་གསར་དུ་ཚེས། རྣམ་པ་གསར་པ་ཐོན། 2025ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་འཆར་ཉེའི་མཚམས་སུ། ཁྱེད་དང་ནང་མི་ལྷན་རྒྱས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།

    2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་རེད། ལོ་འདིའི་ནང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མུ་མཐུད་འབད་འཐབ་དང་འབད་འབུངས་མདུན་སྐྱོད་བྱས་པས། རང་རྒྱལ་གྱི་དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། ཕྱོགས་བསྡུས་ཀྱི་རྒྱལ་སྟོབས་བཅས་མུ་མཐུད་ཆེ་རུ་ཕྱིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བརྟན་པོ་ཕྱིན་པ། སྒྱུར་བཅོས་སྒོ་དབྱེ་མུ་མཐུད་གཏིང་ཟབ་ཏུ་ཕྱིན་པ། དམངས་འཚོར་འགན་ལེན་ཏན་ཏིག་དང་ནུས་ལྡན་ཐུབ་པ་བཅས་བྱུང་སྟེ། ཀྲུང་གོ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོ་རླབས་གཤགས་མདུན་སྐྱོད་ཀྱིས་བརྟན་བགྲོད་རྒྱང་འཁྱོལ་བྱེད་བཞིན་ཡོད།

    ལོ་འདིའི་ནང་། ང་ཚོར་དྲོ་སྐྱིད་ཆེན་པོ་ཚོར་བ་དང་སྒུལ་ཤུགས་ཆེན་པོ་འཕེལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཚོགས་འདུ་ཐེངས་བཞི་པ་ལྷ་སར་འཚོགས་ཤིང་། ལོ་30ཡི་རིང་ཁ་གཏད་བོད་སྐྱོར་བྱས་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཡུལ་དུས་དང་རི་ཆུ་བརྒལ་ནས“གསར་བརྗེའི་ཕུགས་བསམ་དགུང་ལས་མཐོ་བའི”བོད་སྐྱོར་གྱི་སྙིང་སྟོབས་ལ་གསོན་ཤུགས་གསར་པ་རྒྱས་པ་དང་གཅིག་རྒྱུན་གཅིག་འཛིན་ཐུབ་ཡོད། ཀྲུང་དབྱང་གིས་ཐུགས་ཁུར་གནང་བ་དང་རྒྱལ་ཡོངས་ཀྱིས་རོགས་སྐྱོར་བྱས་པ་ལས། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་མངོན་ནས་ང་ཚོར་ཡིད་ཆེས་དང་སྟོབས་ཤུགས་ཚད་མེད་སྦྱིན་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱས་ཏེ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་ལ་དུས་རབས་གསར་པའི་འོད་སྣང་འཚེར་དུ་འཇུག་པ་ནི་ང་ཚོའི་རྒྱབ་རྟེན་བརྟན་ཤོས་དང་གཏིང་ཤུགས་ཆེ་ཤོས་ཡིན།

    ལོ་འདིའི་ནང་། ང་ཚོས་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་བཞག་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ།“འཛུགས་གཏོད་བཞིར”བརྟེན་ནས“དོན་ཆེན་བཞིར”མཐུན་སྦྱོར་སྐུལ་འདེད་གཏོང་བ། སྤྱོད་ཚུལ་རྒྱུན་མཐུད་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་འབྲས་བུ་སྨིན་པ་དང་། ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། དམངས་འཚོའི་བདེ་རྩར་འགན་ལེན་དེ་བས་ནུས་ལྡན་ཐུབ་པ་བཅས་བྱས་པ་བརྒྱུད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    ལོ་འདིའི་ནང་། ང་ཚོས་ལྷག་བསམ་རྣམ་དག་གིས་སེམས་ཁུར་དང་བརྩེ་བ་ཟབ་མོས་ཞབས་འདེགས་ཞུས་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྣེ་ཁྲིད་དེ་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། བློ་མཐུན་རྒན་གྲས་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་། ལྗོངས་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་བློ་མཐུན་རྒན་གྲས་ཀྱི་ཆབ་སྲིད་ཀྱི་ཐོབ་ཐང་དང་འཚོ་བའི་ཐོབ་ཐང་མཐོ་རུ་གཏོང་བའི་ཐད་བཀོད་སྒྲིག་གནང་ནས། ལས་བྱེད་པ་གཟི་བརྗིད་ལྡན་པའི་ངང་རྒན་ཡོལ་ཞུ་བའི་ལམ་ལུགས་ལག་བསྟར་གཏིང་ཟབ་བྱས་པ་སོགས་ལས་བློ་མཐུན་རྒན་གྲས་ཀྱི་ཆབ་སྲིད་ཀྱི་གཟི་བརྗིད་ཚོར་སེམས་དང་། རྩ་འཛུགས་ཀྱི་གཏོགས་སེམས། འཚོ་བའི་བདེ་སྐྱིད་ཚོར་སེམས་བཅས་ཇེ་ཆེར་ཕྱིན་ཡོད།

    ལོ་འདིའི་ནང་། རྒྱ་ཆེའི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། བློ་མཐུན་རྒན་གྲས་བཅས་ལས་གནས་ལས་བྲལ་ཡང་ཏང་ནས་མི་བྲལ་བ་དང་། རྒན་ཡོལ་ཞུས་ཀྱང་སྙིང་སྟོབས་ཉམས་མེད། ཚང་མས་ཆབ་སྲིད་ཀྱི་ལེགས་ཆ་དང་། ཉམས་མྱོང་གི་ལེགས་ཆ། སྙན་གྲགས་ཀྱི་ལེགས་ཆ་བཅས་གང་ལེགས་བཏོན་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་རིང་ཉམས་ལེན་འབད་སྒྲུབ་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད། དུས་རབས་གསར་པའི་བོད་ལྗོངས་གསར་པའི་གཏམ་རྒྱུད་བཅས་ཡག་པོ་ཤོད་པའི་ཐད་མྱོང་ཁྲིད་བྱས་ཏེ“དྲུག་ཅུ་དབུ་དཀར”གྱི་བློ་གྲོས་འདོན་པ་དང་། “དྲུག་ཅུ་དབུ་དཀར”གྱི་ཉམས་འགྱུར་མངོན་པ། “དྲུག་ཅུ་དབུ་དཀར”གྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

    2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་མངོན་འགྱུར་བྱེད་པའི་མཇུག་བསྡུའི་ལོ་ཞིག་རེད། རྒྱ་ཆེའི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། བློ་མཐུན་རྒན་གྲས་བཅས་ཀྱིས་མུ་མཐུད་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་། ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་པའི་རེ་བ་ཡོད། ཚང་མས་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་བཀོད་སྒྲིག་གཞིར་བཟུང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་མཁན་དང་། སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་མཁན། སྐྱེ་ཁམས་བཟང་པོ་སྲུང་མཁན། མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་མཁན་བཅས་སྔར་རྒྱུན་བཞིན་ཡག་པོ་བྱས་ཏེ་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པར་བྱས་རྗེས་གསར་པ་སླར་ཡང་འཇོག་པའི་རེ་བ་ཡོད།

    ནུབ་ཁའི་ཉི་མ་ནི་ཆེས་མཛེས་ཤོས་དང་། རྒན་རྒོན་ལ་བརྩི་བཀུར་བྱེད་སེམས་ཡོད་པ་ནི་དྲོ་སྐྱིད་ཆེ་ཤོས་ཡིན། ལོ་གསར་པའི་ནང་། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་། སེམས་ཤུགས་ཡོད་རྒུ་དང་ལྷག་བསམ་རྣམ་དག་གིས་རྒྱ་ཆེའི་བློ་མཐུན་རྒན་གྲས་ལ་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་ཏེ། ཚང་མར་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་དང་བདེ་སྐྱིད་ལྡན་པའི་ཚེ་མཇུག་སྐྱེལ་ཐུབ་པར་འགན་སྲུང་བྱེད་དགོས།

    ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། བློ་མཐུན་རྒན་གྲས་བཅས་ལ་དུས་ཆེན་སྤྲོ་པོ་དང་། ནད་མེད་ཚེ་རིང་། ཁྱིམ་ཚང་འཆམ་མཐུན་བཅས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།

    ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ།

    ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ལས་བྱེད་པ་རྒན་གྲས་ཅུས།

    2025ལོའི་ཟླ་1ཚེས་1ཉིན།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།