དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་རིག་རྩལ་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོཌ་འདུ་གཙོ་སྐྱོང་གནང་བ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་རིག་རྩལ་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུ་དང་རིག་རྩལ་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་རིག་རྩལ་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་པའི་ཀྲུའུ་ཞི་ཚོགས་པའི་འཐུས་མི་དང་། སྒྱུ་རྩལ་པ། ས་མཐོའི་རིག་གནས་མཁས་དབང་བཅས་ཀྱི་འཐུས་མིས་སྤེལ་རེས་གཏམ་བཤད་གནང་བ་རེད།
རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཞུས་ཀྲེ་ཐའོ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་ཟླ་བ་ཚོགས་འདུར་ཞུགས་པ་རེད།
དབང་ཧའེ་ཀྲོའུ་ཡིས། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་ལྗོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པས་གངས་ལྗོངས་ས་མཐོར་གཞི་ཚུགས་ནས་རིག་རྩལ་གསར་རྩོམ་གྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པའི་རིག་རྩལ་བརྩམས་ཆོས་སྤུས་ལེགས་ཁག་གཅིག་བཏོན་ནས་རང་ལྗོངས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་བ་མ་ཟད། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་ཡང་བཏོན་ཡོད་ཅེས་གསུངས་པ་རེད།
དབང་ཧའེ་ཀྲོའུ་ཡིས། ཞི་ཅིན་ཕིང་གི་རིག་གནས་དགོངས་པས་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་རིགས་པའི་གཞུང་ལུགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ཡོད་པ་དེ་ནི་དུས་རབས་གསར་པར་ཏང་གིས་རིག་གནས་འཛུགས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ལག་ལེན་ཉམས་མྱོང་གི་རིགས་པའི་གཞུང་ལུགས་ཀྱི་ཕྱོགས་སྡོམ་ཞིག་ཡིན་པས། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཁྲིད་སྟོན་དུ་མཐའ་འཁྱོངས་བྱས་ཏེ། དུས་བབ་གསར་པ་དང་ལས་འགན་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཟམ་མི་ཆད་པར་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བརྩམས་ཆོས་སྤུས་ལེགས་དེ་བས་མང་བ་བཏོན་ནས་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས། ཏང་གིས་རིག་རྩལ་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་སུ་བཏང་སྟེ། ལས་འགན་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ནས་རིག་གནས་ལྗོངས་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཟམ་མི་ཆད་པར་གཏོང་བའི་གོམ་སྟབས་བརྟན་པོ་སྤོ་དགོས་པའི་ནན་བཤད་གནང་བ་རེད།