དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་ཉིང་ཁྲིར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-30

    ཚེས་23ཉིན་ནས་25ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་སྨན་གླིང་གྲོང་ཁྱེར་དང་མེ་ཏོག་རྫོང་དུ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་དྲིལ་བསྒྲགས་གནང་བ་མ་ཟད། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་ཀྱང་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། “ལོ་ལྔ་ཚན་བཅུ་བཞི་པའི”མཇུག་འགྲིལ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལ་དམིགས་ཏེ་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་བཞག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཏན་ཏིག་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཅས་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རབས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

    མེ་ཏོག་ནི་རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་མཐའ་མ་དེ་རེད། ད་ཆ་མི་རིགས་ཁག་གི་མི་དམངས་འགྲོ་སྐྱོད་ཀྱི་གནས་ཚུལ་གང་འདྲ་འདུག་གམ། ཡུལ་སྐོར་འཕེལ་རྒྱས་གང་འདྲ་བྱུང་ངམ་ཞེས་ཀརྨ་ཚེ་བརྟན་གྱིས་ཐུགས་ཁུར་ཆེན་པོས་བཀའ་འདྲི་གནང་གི་ཡོད། ཁོང་གིས་ཕད་གྲོང་རྡལ་ནས་མེ་ཏོག་བར་གྱི་གཞུང་ལམ་བདག་སྐྱོང་གི་འཐབ་ས་དང་པོར་བསྐྱོད་ནས། ས་ཡུལ་དངོས་སུ་གཞུང་ལམ་འཁོར་སྐྱོད་དོ་དམ་གྱི་གནས་ཚུལ་དང་མང་ཚོགས་ཀྱི་འགྲོ་སྐྱོད་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཀརྨ་ཚེ་བརྟན་གྱིས། འགྲིམ་འགྲུལ་ནི་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ལམ་འབྱེད་གདོང་ལེན་ཞིག་རེད་ཅེས་གསུངས།

    ཡར་ཀླུང་གཙང་པོའི་རོང་ཆེན་གྱི་ཡུལ་ལྗོངས་ལྟ་ན་སྡུག་པས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། ཀརྨ་ཚེ་བརྟན་མཛེས་ལྗོངས་ཁུལ་གྱི་བློ་རིག་གཉེར་སྐྱོང་ལྟེ་གནས་སུ་ཕེབས་ནས། མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་གནས་ཚུལ་དང་མཛེས་ལྗོངས་ཁུལ་གྱིས་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་ཇི་ལྟར་ཐུབ་མིན་སོགས་ཀྱི་གནས་ཚུལ་གསན་ཞིང་། ཁོང་གིས་གསུངས་དོན། འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་ལ་འཛམ་གླིང་རིམ་པའི་གཉེར་སྐྱོང་ཞབས་ཞུའི་ཆུ་ཚད་ལྡན་དགོས་སྟབས། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཐོན་རྫས་དང་མཁོ་སྤྲོད་བྱེད་སྟངས་རིམ་འཇུག་རིམ་སྤོར་བྱས་ཏེ། ཡུལ་སྐོར་བ་ཡོང་འདོད་པ་དང་། སྡོད་ཐུབ་པ། སྐྱིད་པོ་ཡོང་བ། བག་ཆགས་ཟབ་པ་བཅས་ཡོང་བའི་རེ་བ་ཡོད།

    མེ་ཏོག་རྫོང་འབྲས་སྤུངས་ཤང་སྤ་སྟེང་གྲོང་ཚོ་ནི་ཕད་གྲོང་རྡལ་ནས་མེ་ཏོག་བར་གྱི་གཞུང་ལམ་བརྒྱུད་མེ་ཏོག་རྫོང་གྲོང་དུ་སྐྱོད་སའི་གྲོང་ཚོ་དང་པོ་དེ་རེད། གྲོང་ཚོ་དེས“མངོན་མིན”གྱི་ཁྱད་ལྡན་སྨྱུག་བསླས་ཐོན་ལས་དང་གྲོང་གསེབ་ཡུལ་སྐོར་སོགས་འཕེལ་རྒྱས་བཏང་བས། མང་ཚོགས་འབབ་འཕར་ཕྱུག་འགྱུར་བྱུང་ཡོད། ཀརྨ་ཚེ་བརྟན་གྱིས་ས་གནས་དེ་གའི་མང་ཚོགས་ལ་ཏང་གི་སྲིད་ཇུས་བཟང་པོ་དང་དཀའ་སྤྱད་ཀྱི་ལག་ཟུང་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས་པའི་ལྕག་སྐུལ་གནང་ཡོད། གྲོང་ཚོའི་འགྲོ་ལམ་གནད་དོན་གྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་གནས་ཚུལ་མཁྱེན་སྐབས། ཀརྨ་ཚེ་བརྟན་གྱིས་ས་གནས་ས་ཐོག་ཏུ་གྲོང་ཚོ་དེ་གའི་འབྲེལ་ཡོད་དོན་དག་མཐུན་སྦྱོར་ཐག་གཅོད་བྱེད་རོགས་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་མེ་ཏོག་རྫོང་གི་ཡིག་འབུལ་ཞུ་བཅར་ཅུས་ཀྱི་ས་ཡུལ་དངོས་སུ་གནས་ཚུལ་མཁྱེན་རྟོགས་དང་ལས་ཀར་མཛུབ་ཁྲིད་གནང་ཞིང་། ཁོང་གིས་གསུངས་དོན། ཡིག་འབུལ་ཞུ་བཅར་ལས་དོན་ནི་རང་སར་གཞན་འཇོག་དང་བསམ་བློ་བརྗེ་རེས་ཀྱི་མང་ཚོགས་ཀྱི་ལས་ཀ་ཞིག་རེད། མང་ཚོགས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་མང་ཚོགས་ཀྱི་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་ནས། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”དང“ཕུའུ་ཅང་ཉམས་མྱོང” “གཞི་རིམ་དུ་སྐྱོད་པ་བཞི”སོགས་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་བ་བཅས་བྱས་ཏེ། བརྩེ་དུང་འཆང་བ་དང་། དྲོ་སྐྱིད་སྦྱིན་པ། བསམ་བློ་བརྗེ་རེས་བཅས་ཀྱི་ཐོག་ནས་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ། བདག་སྤྲོད་དང་། སྒྲུབ་སྤྲོད། རྗེས་སྙེག ཐག་གཅོད་བཅས་ཀྱི་ལས་ཀའི་རྒྱུན་འཁོར་ཆགས་པར་བྱས་ནས། འགལ་བ་དང་རྩོད་གཞི་ཐོན་མ་ཐག་ཧུར་ཐག་བསལ་ཏེ། ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།