དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་གནང་སྐབས་ནན་བཤད་གནང་དོན།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-28

    ཚེས་26ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། འགན་འཁྲི་གཙང་སྒྲུབ་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་ལས་བྱེད་པ་ཞིག་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ལའེ་ཅའོ་དང་། ཀུང་ཧུའེ་ཚའེ། ཅང་ཝུན་ཕེང་བཅས་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་མཐའ་འཁྱོངས་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་དངོས་ཡོད་གྲུབ་འབྲས་ལ་གཞིགས་ནས་གདེང་འཇོག་བྱ་རྒྱུ་མཐའ་འཁྱོངས། དྲང་གཞག་དྲང་བདེན་དང་ལུགས་མཐུན་ངང་ལས་བྱེད་པ་བཀོལ་སྤྱོད་ཧུར་ཐག་བྱེད་པ། མི་སྣ་འདེམས་སྤྱོད་ཀྱི་ཕྱོགས་སྟོན་གསལ་པོ་གཏོད་པ། བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པ་འདེམས་སྤྱོད་དངོས་འབྲེལ་ཐུབ་པ་བཅས་བརྒྱུད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་བློ་སེམས་གཅིག་མཐུན་དང་། སྤྲོ་སྣང་ལྡན་པ། ངར་ཤུགས་ཆེ་བ། ལས་དོན་སྒྲུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། སློབ་སྦྱོང་ལ་ཤུགས་སྣོན་དང་། འཇོན་ཐང་ཆེ་རུ་གཏོང་བ། བྱས་རྗེས་ཧུར་ཐག་འཇོག་པ། ནུས་པ་འདོན་སྤེལ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་རྩ་འཛུགས་ཀྱི་གསོ་སྐྱོང་དང་ཡིད་ཆེས་ལ་དྲིན་ལན་འཇལ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་བཏང་ནས། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་སྤྱོད་ལམ་ལ་ཞུན་བརྡར་བྱེད་པ་དང་། མར་ཁེ་སི་རིང་ལུགས་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྦྱོང་བརྡར་རང་རྟོགས་ངང་དང་ལེན་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཀྱི་གོ་ཤེས་ཅན་ཞིག་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་ཏེ། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས།

    འགན་འཁྲི་གཙང་སྒྲུབ་དང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་ཕོད་པར་བྱས་ཏེ། འགན་འཁྲི་ཧ་ཅང་ནན་པོ་ཁུར་བའི་སྙིང་སྟོབས་ལ་བརྟེན་ནས་རང་འཁྲིའི་ལས་དོན་ཧུར་ཐག་ངང་ཡག་པོ་སྒྲུབ་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ཏེ་གོ་གནས་གང་ཞིག་བཟུང་ན་དེ་ཡི་སྲིད་དོན་སྒྲུབ་པ་དང་བྱ་བ་དངོས་སྒྲུབ་པ་དང་། དེའི་ཕན་འབྲས་དོན་གཉེར་བྱས་ནས། དམངས་ལ་བདེ་སྐྱིད་སྐྲུན་པ་དེ་སྲིད་དོན་ལས་རྗེས་གལ་ཆེ་ཤོས་ལ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། གནས་ཚུལ་དངོས་ལ་རྟོག་ཞིབ་དང་། ཐབས་ཇུས་དངོས་ལ་ཇུས་འགོད། བྱ་བ་དངོས་སྒྲུབ་པ་བཅས་བྱས་ནས། དངོས་གནས་དྲང་གནས་ཀྱི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་ལས་ཀའི་འཇོན་ཐང་དང་ཆུ་ཚད་ལ་ཞིབ་དཔྱད་དངོས་འབྲེལ་ཐུབ་པ་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་ལས་ཀར་ཕན་འབྲས་དངོས་ཐོན་པར་བྱས་ནས། གོང་ལ་ངོ་བསྟོད་བྱེད་པར་དགའ་བ་དང་། འོག་ལ་འགན་མི་ཁུར་བ། ཕན་འབྲས་དངོས་ལ་བསམ་བློ་མི་གཏོང་བ་བཅས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། དམ་འཛིན་ངོ་མ་བྱེད་པའི་དངོས་ཤུགས་དང་། དམ་འཛིན་བྱེད་མཁས་པའི་ཐབས་བཟང་། རྒྱུན་དུ་དམ་འཛིན་བྱེད་པའི་སྙུགས་ཤེད་བཅས་ལ་བརྟེན་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།

    སློབ་སྦྱོང་ནན་ཏན་བྱས་ཏེ་ལས་ཀའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་འཁྲིད་མཁན་བྱང་མ་ཞིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས། སློབ་སྦྱོང་བྱེད་ནུས་ཆེ་རུ་གཏོང་བ་དང་། དེང་རབས་དཔལ་འབྱོར་དང་། ཚན་རིག་ལག་རྩལ། དེང་རབས་དོ་དམ་སོགས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་ཤེས་པ་དང་། ཚན་རྩལ་ཤེས་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཐུབ་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཁ་ལོ་སྒྱུར་ནུས་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། བརྒྱུད་རིམ་ལྡན་པའི་བསམ་གཞིག་ནུས་པ་ཆེ་རུ་བཏང་ནས་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྤྱི་ཡོངས་ཀྱི་ལྟ་བ་ཟབ་ཏུ་གཏོང་བ། རང་ངོས་ཀྱི་ལས་དོན་དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་རང་རྟོགས་ངང་བཞག་ནས་བསམ་གཞིག་དང་ཇུས་འགོད་བཅས་བྱས་ཏེ། བྱ་གཞག་ཁག་འཕེལ་རྒྱས་དེ་བས་ལེགས་པ་དང་མགྱོགས་པོ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་པ། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། ཁྲིམས་བཞིན་ལས་དོན་སྒྲུབ་པ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མི་དམངས་ལ་ཞབས་འདེགས་ཞུ་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། བརྩེ་སེམས་འཆང་བཞིན་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས།

    གནས་ཚུལ་གསར་པ་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་མཁས་པོ་བྱས་ནས་དུས་བབ་གསར་པའི་འོག་ཚན་རིག་དང་མཐུན་ཞིང་ནུས་ལྡན་གྱི་ལས་ཀའི་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་དགོས། རྩོད་སྒྲུབ་ཀྱི་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་ཀྱི་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་ལྟ་ཚུལ་སྤྱད་དེ་གནད་དོན་ལ་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། སྣང་ཚུལ་བརྒྱུད་ངོ་བོར་ལྟ་བ་དང་། བརྟག་དཔྱད་ཞིབ་འཇུག་བརྒྱུད་གཞི་རིམ་གྱི་གནས་ཚུལ་དངོས་ཁོང་དུ་ཆུད་པར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། གནད་དོན་ཤེས་རྟོགས་བྱེད་མཁས་པོ་དང་། གནད་དོན་ལ་མཐོང་ཆེན་བྱེད་ཕོད་པ། གནད་དོན་ལ་ཞིབ་འཇུག་ཧུར་ཐག རང་འགུལ་ངང་གནད་དོན་ཐག་གཅོད་བཅས་བྱས་ཏེ། བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་དགོས། ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་ལས་ཀའི་བྱ་ཐབས་མཐའ་འཁྱོངས་བྱས་ནས། འགལ་ཟླ་གཙོ་བོ་དང་གཙོ་གནད་ལས་དོན་ལ་དམ་འཛིན་བྱེད་མཁས་པོ་བྱེད་པ་དང་། ལས་ཀ་བྱེད་སྟངས་དང་བྱ་ཐབས་ལ་དོ་སྣང་བྱེད་པ། འདུ་ཤེས་གསར་སྒྱུར་ཧུར་ཐག་དང་། དུས་རབས་ཀྱི་གོམ་སྟབས་ལ་དམ་པོར་སྙེགས་པ། ལག་ལེན་འཕེལ་རྒྱས་དང་ཧུར་ཐག་བསྟུན་པ། རྒྱུན་གཏན་གྱི་བསམ་བློ་གཏོང་སྟངས་དང་ཐབས་ལམ་ལ་བརྟེན་དྲག་པའི་རྣམ་པ་ལས་སྒྲོལ་བ་བཅས་བྱས་ཏེ་ལས་ཀའི་དམིགས་སའི་རང་བཞིན་དང་གནད་སྨིན་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་གཙང་སྲིད་སྐྱོང་གི་མཐའ་ཚད་བརྟན་པོ་བསྲུངས་ཏེ་སྤྱོད་གཙང་སྤྱི་གཞོལ་གྱི་མིག་དཔེ་ཧུར་ཐག་འདོན་དགོས། ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་དང“གནས་གཅིག་འགན་གཉིས”ཏན་ཏིག་ཡག་པོ་སྒྲུབ་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་ལག་ལེན་ཡག་པོ་བསྟར་བ། ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་ལ་སྣེ་ཁྲིད་ཡག་པོ་བྱེད་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྐྲུན་པ་བཅས་བྱས་ནས་སྣེ་ཁྲིད་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་མིག་དཔེ་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་ཀྱིས་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཉན་ནས། ཐབས་ཇུས་ཚན་རིག་དང་མཐུན་ལ་དམངས་གཙོ་དང་། ལག་བསྟར་བློ་བརྟན་འགྱུར་མེད་དང་ནུས་ལྡན། དོན་འཁྱོལ་ཁྲིམས་མཐུན་ནུས་ཆེ་དངོས་འབྲེལ་ཐུབ་པ་བཅས་བྱས་ནས་སྣེ་ཁྲིད་དེ་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ་བྱེད་དགོས། གཞུང་དྲང་རང་ཚུགས་མཐའ་འཁྱོངས་ཀྱིས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སྤྱོད་བཟང་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྤྱི་པའི་སྤྱོད་བཟང་། རང་གཅུན་ནན་པོ་བྱེད་པའི་ཀུན་སྤྱོད་བཅས་ལ་རྒྱུན་ཆད་མེད་པར་ཞུན་བརྡར་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་རང་བརྩི་དང་། རང་དཔྱོད། རང་གཟབ། རང་གཅུན་བཅས་བྱེད་པ་དང་། རྩ་དོན་དང་སྲིད་ཇུས་ལྟར་ལས་དོན་སྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ། ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་ནན་དུ་གཏོང་བ་བཅས་བྱས་ནས་སྣེ་ཁྲིད་དེ་སྤྱོད་གཙང་གཞུང་དྲང་གི་མིག་དཔེ་བྱེད་དགོས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་བྱས་ནས། ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུ་བ། རང་བཞིན་བཟང་བའི་མི་དང་རང་འགན་ཇི་བཞིན་ལས་དོན་སྒྲུབ་པ། རང་འགན་གཙང་སྒྲུབ་ནན་ཏན་བྱེད་པ། འགན་འཁྲི་ཁུར་བ་དང་བྱས་རྗེས་འཇོག་ཕོད་པ་བཅས་བྱས་ཏེ། དངོས་སྒྲུབ་དང་ལས་རྗེས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།