ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
2025ལོར་ལག་བསྟར་བྱེད་རྩིས་ཡོད་པའི་དམངས་འཚོའི་སྲིད་ཇུས་སོགས་དོན་ཚན་ལ་ཞིབ་འཇུག་གནང་བ་དང་། འབྲུ་རིགས་བདེ་འཇགས་དང་ཡིག་འབུལ་ཞུ་བཅར་ལས་དོན་གྱི་སྙན་སེང་གསན་པ།
ཚེས་23ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། 2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་དང་། སྔོན་རྩིས་འཆར་ཟིན། ལག་བསྟར་བྱེད་རྩིས་ཡོད་པའི་དམངས་འཚོའི་སྲིད་ཇུས་བཅས་ལ་ཞིབ་འཇུག་གནང་བ་དང་འབྲུ་རིགས་བདེ་འཇགས་དང་ཡིག་འབུལ་ཞུ་བཅར་ལས་དོན་གྱི་སྙན་སེང་སོགས་གསན་པ་རེད།
ཚོཌ་འདུའི་ཐོག་བསྟན་དོན། སྙན་ཞུ་དེ་གཉིས་གྲུབ་འབྲས་ཀྱི་སྙན་ཞུ་དང་ལས་འགན་གྱི་སྙན་ཞུ་རེད་ལ། སྲིད་གཞུང་ལས་དོན་གྱི་རྨང་གཞི་གལ་ཆེན་དང་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན། དམངས་འཚོའི་བྱ་བ་དངོས་ནི་མང་ཚོགས་ཀྱི་ཁེ་ཕན་དང་མི་སེར་གྱི་བདེ་རྩ་དང་འབྲེལ་བ་ཡོད་པ་དང་། དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབ་རྒྱུ་ནི་སྲིད་གཞུང་གི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་པས། ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ཀྲུང་དབྱང་གི་དགོངས་དོན་གྱི་ཚད་གཞི་དང་ཡང་ཡང་བསྡུར་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་གཏིང་ཟབ་བསྟར་བ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། གནད་དོན་ལ་ཞིབ་འཇུག་གཏིང་ཟབ་དང་། དམིགས་ཚད་ཇུས་འགོད་ཚན་རིག་དང་མཐུན་པ། བྱ་ཐབས་ཏན་ཏིག་བཟོ་བ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་ཐོག་ཏུ་དོན་འཁྱོལ་བར་འགན་ལེན་བྱེད་དགོས། ཕྱི་ལོའི་ལས་དོན་ལ་དམིགས་ནས། ཕྱི་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཁ་ཕྱོགས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱིས་བཏོན་པའི་དམིགས་ཚད་ཁག་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ས་ཁུལ་དང་ཁྱབ་ཁོངས་འདི་གའི་གཙོ་གནད་ལས་དོན་དང་། རྣམ་གྲངས་གལ་ཆེན། སྲིད་ཇུས་གལ་ཆེན་བཅས་གསེད་བཀྲོལ་ནན་ཏན་བྱེད་པ། ཆད་སྐྱོན་དང་ཞན་ཆར་དམ་པོར་དམིགས་པ། གོང་འོག་མཉམ་འགུལ་བྱེད་པ། གནད་སྨིན་ཤུགས་འདོན་བྱེད་པ། འཕྲལ་དུ་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལོ་ཧྲིལ་པོ་དང“ལོ་ལྔ་ཚན་བཅུ་བཞི་པའི”གཏན་འཁེལ་ལས་འགན་སྤུས་ཚད་མཐོན་པོས་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འབྲུ་རིགས་བདེ་འཇགས་ལ་འགན་ལེན་གྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས། འབྲུ་འདེབས་ཞིང་པའི་ཧུར་སེམས་མུ་མཐུད་ཆེ་རུ་གཏོང་བ་དང་། སྣ་མང་ཅན་གྱི་འབྲུ་རིགས་ཡོང་ཁུངས་ཁྲོམ་ར་རྒྱ་སྐྱེད་བཏང་སྟེ་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས། འབྲུ་རིགས་ཀྱི་སྤུས་ཚད་འགག་སྒོ་ནན་དུ་བཏང་ནས། འབྲུ་རིགས་ཉོ་སྒྲུབ་དང་། གསོག་འཇོག ཕྱིར་ཚོང་། སྐྱེལ་འདྲེན་སོགས་ཀྱི་བྱེད་པོ་དང་ལྷུ་ཚིགས་ཁག་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “འབྲུ་མཛོད”མཐའ་གཅིག་ཏུ་སྲུང་བ་དང་དོ་དམ་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ལ་བདེ་འཇགས་དང་བློ་བདེའི་བཟའ་བཅའ་སྤྱོད་ཐུབ་པར་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཡིག་འབུལ་ཞུ་བཅར་ལས་དོན་ནི“སྒོ་ཁར་སླེབས་པའི་མང་ཚོགས་ཀྱི་ལས་དོན”ཞིག་དང་། ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་བ་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འབྲེལ་ཐག་གལ་ཆེན་ཞིག་རེད། འགག་སྒྲོལ་འདུམ་འགྲིག་ལ་ཤུགས་སྣོན་བརྒྱབ་ནས། གཙོ་གནད་སྒྲུབ་སྐུལ་གྱོད་གཞི་སྒྲུབ་གཉེར་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ལས་འགན་རེ་རེ་བཞིན་ཞིབ་ཚགས་སུ་དང་རིགས་དབྱེ་བྱས་ཏེ་ཡིག་འབུལ་ཞུ་བཅར་གྱི་མངོན་གསལ་དོད་པའི་གནད་དོན་ངོ་བོའི་རང་བཞིན་གྱི་སྒོ་ནས་སེལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་འགལ་བ་དང་རྩོད་གཞི་གཞི་རིམ་དང་ཐོན་མ་ཐག་ནས་ཧུར་ཐག་སེལ་དགོས།