ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་23ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། མི་དམངས་འཐུས་ཚོགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་གཞིགས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ཀྱི་གཙོ་ཁྲིད་ནུས་པ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱད་ཆོས་དང་ལེགས་ཆ་གང་ལེགས་འདོན་པ་དང་། མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི་བཅས་ཀྱི་ལས་དོན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བ་དང་སྤྱི་ཡོངས་ལ་གཅིག་སྡུད་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུར་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཁྲིམས་སྐྱོང་གི་འཁོར་ལམ་ཐོག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་རང་སྐྱོང་ལྗོངས་ཀྱི་ཞིང་རོགས་ཞིང་དར་དང་འགན་གཙང་འགན་ལེན་གྱི་འབྲེལ་གཏུག་ལས་དོན་དོན་འཁྱོལ་ཡག་པོ་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས“ཞིང་གསུམ”ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་གཤིས་ཞུན་བརྡར་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་ལས་ཀའི་འགན་འཁྲི་ཁུར་ཤུགས་དང་ཁྲིམས་སྐྱོང་དོན་གཉེར་བྱེད་ཤུགས་ཆེ་རུ་བཏང་སྟེ། བརྟན་ཐོག་ཡར་འཕེལ་གྱི་སྒོ་ནས་དུས་རབས་གསར་པའི་བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཡན་ཅིན་ཧའེ་ཡིས་གསུངས་དོན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ནི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་འགག་རྩའི་དུས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས། ང་ཚོས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཁ་ཕྱོགས་སྔར་བས་གསལ་བ་དང་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལ་དམ་འཛིན་ནན་ཏན་བྱེད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་དང་ཟུང་འབྲེལ་དམ་ཟབ་ཀྱིས་སློབ་སྦྱོང་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ནས་སློབ་སྦྱོང་སེམས་ལ་ཟུག་པ་དང་། གཏིང་ཟབ་ཏུ་གཏོང་བ། ཏན་ཏིག་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཁྲིམས་འཛུགས་དང་དཔལ་འབྱོར་ལས་དོན་འཚམ་མཐུན་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ། ལྟ་སྐུལ་དང་དཔལ་འབྱོར་ལས་དོན་སྦྲེལ་མཐུད་གང་ལེགས་ཡོང་བ་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་ལས་དོན་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་དགེ་མཚན་ལྡན་པའི་ནུས་པ་འདོན་པ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།