ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།
ཚེས་18ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་ཀྱང་བྱས་པ་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་བརྒྱད་པ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་ཏན་ཏིག་འགྱུར་བ་བྱེད་དགོས། མཐའ་མཚམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གིས་བོད་དུ་སྲིད་འཛིན་པའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཧུར་ཐག་ཞུ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་ཡོང་བ་བཅས་བྱས་ནས། མཐའ་སྐྱོང་བོད་བརྟན་གྱི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དེ་མཐའ་མཚམས་མི་རིགས་ས་ཁུལ་གྱི་ལས་དོན་གྱི་གཙོ་རྐང་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་རིག་གནས་ཀྱི་ཁྱིམ་གཞིས་བསྐྲུན་ནས། མཐའ་སྐྱོང་བོད་བརྟན་གྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་མཐའ་མཚམས་བཅོས་སྐྱོང་གི་མཐའ་ཚད་ཀྱི་བླང་བྱར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་གང་མགྱོགས་སེལ་བ་དང་། མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་བཏང་ནས། མཐའ་མཚམས་བཅོས་སྐྱོང་གི་བརྟན་ལྷིང་རྨང་གཞི་བརྟན་དུ་རྒྱུན་མཐུད་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་བརྒྱུད་སྤེལ་གྱི་ལས་དོན་གཏིང་ཟབ་སྤེལ་ནས། རང་སྐྱོང་ལྗོངས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་ཞིབ་འཇུག་ལྟེ་གནས་དང་ཏང་འཛུགས་སྐྱོང་ཞིབ་འཇུག་ཚོགས་པའི་ནུས་པ་ཡག་པོ་བཏོན་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས། ལྗོངས་ཡོངས་ཀྱི་མཁོ་སྒྲུབ་མཉམ་ལས་བྱ་གཞག་གི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་བཏང་ནས། མཁོ་སྒྲུབ་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་མུ་མཐུད་གཏོང་བ་དང་། ཞིང་སྦྲེལ་དང་། ཞིང་ཁྲིད། ཞིང་ཕྱུག་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གཉེར་སྐྱོང་ཞབས་ཞུའི་དྲ་བ་རྒྱ་ཆེར་གཏོང་བ། འཛད་སྤྱོད་ཀྱི་རོགས་སྐྱོར་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། “ཞིང་གསུམ”ལས་དོན་ལ་ཞབས་འདེགས་ཞུ་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རིང་འགན་འཁྲི་དེ་བས་ཆེ་བ་འཁུར་བ་དང་བྱས་རྗེས་དེ་བས་ཆེ་བ་འཇོག་དགོས། བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་བ། བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཚན་ཞིབ་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། བོད་ཀྱི་གསོ་བ་རིག་པའི་ཚད་ལྡན་ཅན་གྱི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཀྱི་གསོ་བ་རིག་པའི་བྱ་གཞག་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག སང་ལོའི་དཔལ་འབྱོར་ལས་དོན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་ཤིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་། ལྷག་པར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་སྔར་བས་གཏིང་ཟབ་ལེན་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་ལ་དོན་དངོས་དང་མཐུན་པའི་ངོས་འཛིན་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྟངས་འཛིན་བྱེད་པ། ལས་ཀའི་ཉམས་མྱོང་ལ་སྔར་བས་ཕྱོགས་སྡོམ་དང་ལས་ཀའི་བསམ་ཕྱོགས་སྔར་བས་ཁ་གསལ་བཟོ་བ། བརྟན་ཐོག་ཡར་འཕེལ་དང་ཡར་བརྟེན་བརྟན་སྐུལ་མཐའ་འཁྱོངས་བྱེད་པ། གཞུང་འཁྱོངས་གསར་འབྱེད་དང་སྔོན་འཛུགས་རྗེས་གཏོར་བྱེད་པ། མ་ལག་འདུས་གྲུབ་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པ། ལས་དོན་དངོས་དང་ཟུང་འབྲེལ་བྱེད་པ། རང་འགུལ་ངང་རང་ངོས་ཀྱི་ལས་དོན་དེ་ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་བློ་གཏོང་བ་དང་། ཇུས་འགོད་བྱེད་པ། སྐུལ་འདེད་གཏོང་བ་བཅས་བྱས་ནས། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། ལས་ཀ་བྱེད་སྟངས་ལ་འགྱུར་ལྡོག་དང་ལས་ཕྱོད་ཆེ་རུ་གཏོང་བ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱར་སྤྱི་འདོམས་དོན་འཁྱོལ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས། གཏིང་ཟབ་པའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྤྱི་འདོམས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གཏིང་ཟབ་པའི་གནད་དོན་ལ་སྤྱི་འདོམས་ཐག་གཅོད་བཅས་བྱས་ཏེ། གོ་སྐབས་ལ་དམ་འཛིན་དང་འཕེལ་རྒྱས་འགྲོ་མགྱོགས་སུ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་ལེགས་སྐྱེས་དེ་བས་ཆེ་བ་ཧུར་ཐག་འབུལ་དགོས།