ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས《དྲ་རྒྱའི་བར་མཐོངས་སུ་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ནུས་པ་འདོན་དགོས་པའི་སྐོར་གྱི་བསམ་འཆར》ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཇུས་གཞིར་ཞིབ་འཇུག་བྱས་པ།
ཉིན་ཤས་གོང་། ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས《དྲ་རྒྱའི་བར་མཐོངས་སུ་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ནུས་པ་འདོན་དགོས་པའི་སྐོར་གྱི་བསམ་འཆར》ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཇུས་གཞིར་ཞིབ་འཇུག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། ལྗོངས་ནང་ཁུལ་གྱི་གཙོ་གནད་གསར་འགྱུར་དྲ་ཚིགས་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་གང་ལེགས་སྤྱད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དྲ་ཐོག་ནས་བརྒྱུད་བསྒྲགས་གཏིང་ཟབ་བྱེད་དགོས། ཏང་རྩ་འཛུགས་དང་ཏང་ཡོན་གྱིས་རང་རྟོགས་ངང་དྲ་རྒྱ་སྦྱོང་བ་དང་། དྲ་རྒྱ་ཤེས་པ། དྲ་རྒྱ་སྤྱོད་པ། དྲ་རྒྱ་སྲུང་བ་བཅས་བྱས་ཐོག་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་སོགས་རྩ་དོན་དང་འབྲེལ་བའི་གནད་དོན་གལ་ཆེན་དང་ཡིན་མིན་ཆེན་པོའི་མདུན་དུ་རལ་གྲི་གཤོམ་ཕོད་པ་དང་། དྲ་རྒྱའི་ཐོག་གི་ནོར་འཁྲུལ་གྱི་ལྟ་བ་དང་བསམ་བློའི་རླབས་རྒྱུན་སྣ་ཚོགས་དང་མངའ་ཁོངས་ཕྱི་ནང་གི་ཆབ་སྲིད་དཀྲོག་གཏམ་ལ་དར་ཆ་གསལ་སྟོན་གྱིས་དགག་པ་རྒྱག་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རོགས་རམ་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོར་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་རྒྱུར་སྐྱོན་བྲལ་ཡར་ཐོན་དང་སྲོལ་བཟང་སྤྱོད་བཟང་གི་དྲ་རྒྱའི་ཁོར་ཡུག་གཏོད་དགོས།