དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-19

    ཟླ་12ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ། ཞུ་བཅར་ལ་ཡོང་མཁན་མང་ཚོགས་ལ་ས་གནས་ས་ཐོག་ཏུ་སྣེ་ལེན་ཞུས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཞུ་བཅར་སྣེ་ལེན་ཚོམས་ཆེན་དུ་འབྲེལ་ཡོད་ལས་ཀའི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

    ཟླ་12ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ། ཞུ་བཅར་ལ་ཡོང་མཁན་མང་ཚོགས་ལ་ས་གནས་ས་ཐོག་ཏུ་སྣེ་ལེན་ཞུས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཞུ་བཅར་སྣེ་ལེན་ཚོམས་ཆེན་དུ་འབྲེལ་ཡོད་ལས་ཀའི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

    མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཡིག་འབུལ་ཞུ་བཅར་ལས་དོན་སེམས་ནུས་ཡོད་རྒུས་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ། ཞུ་བཅར་ལ་ཡོང་མཁན་མང་ཚོགས་ལ་ས་གནས་ས་ཐོག་ཏུ་སྣེ་ལེན་ཞུས་ཤིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་མཐའ་འཁྱོངས་བྱེད་པ་དང་། རང་རྟོགས་ངང་མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིག་དང་ཐག་གཅོད་བྱེད་པ། ཡིག་འབུལ་ཞུ་བཅར་ལས་དོན་སེམས་ནུས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་ཞུ་བཅར་སྣེ་ལེན་ཚོམས་ཆེན་དང་། འགོ་ཁྲིད་ཀྱི་ཞུ་བཅར་སྣེ་ལེན་ཁང་། ཁྲིམས་རྩོད་པའི་ཞུ་བཅར་སྣེ་ལེན་ཁང་། འདུམ་འགྲིག་ཁང་བཅས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་ལོ་རེའི་ཞུ་བཅར་སྣེ་ལེན་བྱེད་ཚད་དང་། ཡིག་འབུལ་ཞུ་བཅར་གྱི་རིགས་གཙོ་བོ། ཐེངས་གཅིག་རང་བཞིན་གྱི་འདུམ་འགྲིག་བྱེད་ཚད། “འགྱངས་ཆད་གཉིས”བཅོས་སྒྲིག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཡིག་འབུལ་ཞུ་བཅར་ལས་བྱེད་པས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཝང་ཅུན་ཀྲེང་གིས་གསུངས་དོན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་བསྟུན་ནས་ཁྱབ་ཁོངས་དང་། ལས་རིགས། ཚོགས་སྤྱི་བཅས་མི་འདྲ་བའི་ཁེ་ཕན་རེ་ཞུ་ཉིན་བཞིན་སྣ་མང་ཅན་དང་རྙོག་འཛིང་ཅན་དུ་འགྲོ་བཞིན་ཡོད། ལྗོངས་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་ཁོངས་གཏོགས་ཀྱིས་དུས་བབ་གསར་པའི་འོག་གི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་འགྱུར་ལྡོག་གསར་པ་དང་ཁྱད་ཆོས་གསར་པར་ཞིབ་འཇུག་གཏིང་ཟབ་བྱས་ནས་དུས་བཀག་བཞིན་ཡིག་འབུལ་ཞུ་བཅར་གྱི་དུས་བབ་དང་མངོན་གསལ་དོད་པའི་གནད་དོན་ལ་དབྱེ་ཞིབ་བྱེད་པ་དང་། ཡིག་འབུལ་ཞུ་བཅར་གྱི་བསྐྱར་ཟློས་གྱོད་གཞི་སེལ་རྒྱུ་དམ་འཛིན་བྱ་གཞིར་བརྩི་བ། ལོ་རྒྱུས་ཐོག་ལུས་པའི་གནད་དོན་ཐག་གཅོད་ཤུགས་རྒྱག་སའི་ཁ་ཕྱོགས་ལ་བརྩི་བ། གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས་བཅས་བྱས་ཏེ་ཡིག་འབུལ་ཞུ་བཅར་གྱི་ནར་འགྱངས་སུ་ལུས་པའི་གྱོད་གཞི་རང་འགུལ་ངང་སེལ་དགོས། སྒོ་དབྱེ་ནས་ཞུ་བཅར་དུ་ཡོང་མཁན་ལ་སྣེ་ལེན་ཞུ་བ་དང་གྱོད་དོན་གཤམ་འདྲིའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། འགོ་ཁྲིད་ལས་བྱེད་པས་ཞུ་བཅར་དུ་ཡོང་མཁན་ལ་སྣེ་ལེན་ཞུ་རྒྱུ་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ། གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་པ། བྱེ་བྲག་གྱོད་གཞི་ཐག་གཅོད་བྱེད་རིང་ཐུན་མོང་རང་བཞིན་གྱི་གནད་དོན་གསེད་བཀྲོལ་དང་ཡོངས་ཁྱབ་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་བཅས་བྱས་ནས་འགལ་ཟླ་དང་རྩོད་གཞི་ཐོན་མ་ཐག་གང་ཐུབ་སེལ་དགོས།

    རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་ཀྱི་ཞུ་བཅར་སྣེ་ལེན་ཁང་དུ་ཝང་ཅུན་ཀྲེང་གིས་ཡིག་འབུལ་ཞུ་བཅར་དུ་ཡོང་མཁན་མང་ཚོགས་ཁག་གཉིས་ལ་སྣེ་ལེན་ཞུས་ནས། མང་ཚོགས་ཀྱིས་གོང་ཞུ་བྱས་པའི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ནན་ཏན་ངང་གསན་པ་དང་། གནད་དོན་གྱི་འབྱུང་རྩ་དང་། སྒྲུབ་གཉེར་གྱི་དཀའ་གནད། ཐག་གཅོད་ཀྱི་འཕེལ་རིམ་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ས་གནས་ས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་མཉམ་དུ་ཐག་གཅོད་ཇུས་གཞིར་ཞིབ་འཇུག་གནང་བ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་སྔར་བས་འགན་འཁྲི་ནན་དཀྲིས་ཀྱིས་དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ལྟ་བཤེར་སྒྲུབ་སྐུལ་ལ་རྗེས་སྙེགས་བྱེད་པ། ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་པ་ལས་མིའི་འགྱངས་ཆད་གླ་ཆ་གང་མགྱོགས་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ལས་ཚང་མས་ཏང་ཨུད་དང་སྲིད་གཞུང་ལ་ཡིད་ཆེས་དང་རེ་སྒུག་བྱེད་ལུགས་མཚོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། བྱ་ཐབས་ནུས་ལྡན་སྤྱད་དེ་ཞིང་པ་ལས་མིའི་གླ་ཆ་དུས་ཐོག་དང་གྲངས་ཚང་སྤྲོད་ཐུབ་པའི་འགན་ལེན་བྱེད་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་མུ་མཐུད་བྱེད་པ། རྐང་བཙུགས་ནས་གླ་ཆ་འགྱངས་ཆད་བྱས་པའི་བྱེད་སྤྱོད་ཉུང་ཤས་ལ་ཁྲིམས་ལྟར་ཉེས་ཆད་ནན་པོ་གཅོད་པ། 《ངལ་རྩོལ་བཅའ་ཁྲིམས》དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བཅས་བྱས་ཏེ་ཁོང་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་ཕ་ཡུལ་དུ་ལོ་གསར་གཏོང་བར་ལོག་ཐུབ་པར་བྱེད་དགོས། ཞུ་བཅར་དུ་ཡོང་མཁན་མང་ཚོགས་ཀྱིས་གནད་དོན་ལ་ལན་བཏབ་པ་དང་ཐག་གཅོད་བྱས་པར་བློ་ཡིད་ཚིམ་པོ་བྱུང་ཞེས་བཤད་པ་རེད།

    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཡིག་འབུལ་ཞུ་བཅར་ལས་དོན་ནི“སྒོ་རྩ་ནས་སྒྲུབ་པའི་མང་ཚོགས་ཀྱི་ལས་དོན”ཞིག་དང་། ཡུལ་བབ་དམངས་འདུན་མཚོན་པའི“ཆར་བརྟག་ཡོ་བྱད”ཅིག ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་བཅས་ཡིན་པས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས། རང་རྟོགས་ངང་ཏང་དང་མི་དམངས་མང་ཚོགས་ཀྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཡིག་འབུལ་ཞུ་བཅར་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་སྟེ་བསམ་གཞིག་ཇུས་འགོད་དང་ཞིབ་འཇུག་སྐུལ་འདེད་གཏོང་བ་དང་། བརྩེ་སེམས་དང་འགན་འཁྲི་བློ་ལ་བཅངས་ཏེ་ཡིག་འབུལ་ཞུ་བཅར་ལས་དོན་ཡག་པོ་སྒྲུབ་པ། “གཏན་འཁེལ་གཉིས”ལ་སྙིང་ཐག་པ་ནས་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་རྒྱུ་ཡིག་འབུལ་ཞུ་བཅར་ལས་དོན་ཡག་པོ་སྒྲུབ་པའི་ཞིབ་ཕྲའི་གྲུབ་འབྲས་ཐོག་མངོན་པར་བྱེད་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས“མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་གྱིས་དམངས་ཆེད་ལས་དོན་སྒྲུབ་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། གནད་དོན་ཐག་གཅོད་དང་། རོགས་སྐྱོར་རོགས་སྐྱོབ། བསམ་བློར་ཁྲིད་སྟོན་སོགས་ཀྱི་ལས་དོན་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་དེ་མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་དང་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཞིབ་ཕྲའི་ལག་ལེན་དུ་སྒྱུར་དགོས། ཁྲིམས་སྐྱོང་གི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། སྔོན་འགོག་དང་། བདག་སྤྲོད། སྒྲུབ་གཉེར། ལྟ་སྐུལ་འགན་འདེད། སྒྲིག་ལམ་སྲུང་སྐྱོང་བཅས“ཁྲིམས་སྐྱོང་ཅན་ལྔར”ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་རེ་ཞུ་ཁྲིམས་ལྟར་ཐག་གཅོད་བྱེད་པ། ཡིག་འབུལ་ཞུ་བཅར་གྱི་སྒྲིག་ལམ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ། ཁྲིམས་སྐྱོང་ནན་པོ་དང་ཁྲིམས་ལྟར་ལས་དོན་སྒྲུབ་རིང་འགལ་ཟླ་དེ་བས་ལེགས་པར་སེལ་བ་དང་ཁེ་དབང་སྲུང་སྐྱོང་བྱེད་དགོས། འབྱུང་རྩ་ནས་བཅོས་སྒྲིག་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”དང“ཕུའུ་ཅང་གི་ཉམས་མྱོང”“གཞི་རིམ་དུ་སྐྱོད་པ་བཞི”བཅས་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། འབྱུང་རྩ་ནས་སྔོན་འགོག་དང་སྔོན་ཚུད་ནས་སེལ་རྒྱུར་ཤུགས་རྒྱག་པ། འགལ་ཟླ་དང་རྩོད་གཞི་ཕྱོགས་ཡོངས་ནས་གྲལ་བཤེར་དང་སྣེ་མང་ཅན་གྱི་སེལ་ཐབས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཞུགས་པའི་ལམ་ལུགས་ཅན་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཐོན་མ་ཐག་ནས་ཧུར་ཐག་སེལ་བ་བཅས་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་དགོས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། རིམ་ཁག་ཏང་ཨུད་ཀྱིས་ཡིག་འབུལ་ཞུ་བཅར་ལས་དོན་ལ་འགོ་ཁྲིད་བྱེད་པའི་འགན་འཁྲི་ནན་དུ་གཏོང་བ་དང་། ཡིག་འབུལ་ཞུ་བཅར་ལས་དོན་གྱི་འགན་འཁྲིའི་མ་ལག་སྐྲུན་པ། ཡིག་འབུལ་ཞུ་བཅར་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་སྤྱི་འདོམས་མཐུན་སྦྱོར་དང་། སྤྱི་ཡོངས་ལ་སྐུལ་འདེད། དོན་འཁྱོལ་ལ་སྐུལ་འདེད་བཅས་གཏོང་བའི་ནུས་པ་གང་ལེགས་འདོན་པ། ཡིག་འབུལ་ཞུ་བཅར་སྡེ་ཚན་དང་ཡིག་འབུལ་ཞུ་བཅར་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀུང་ཧུའེ་ཚའེ་དང་ཀྲང་ཧུང་པོ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།