རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་གི་ཆེད་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་གི་ཆེད་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་ལོ་ཧྲིལ་པོའི་གཙོ་གནད་ལས་དོན་དང་ལས་འགན་ལེགས་སྒྲུབ་བྱས་ཚུལ་གསན་ཞིང་། ལོ་མཇུག་དང་ལོ་འགོའི་རྐྱེན་ངན་འགོག་ཟོན་གྱི་གཙོ་གནད་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་བཀོད་སྒྲིག་གནང་བ་རེད།
རེན་ཝེ་ཡིས་གསུངས་དོན། བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་གི་ལས་དོན་ནི་མི་དམངས་ཀྱི་བདེ་རྩ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་འབྲེལ་བ་ཡོད་པས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཀྱི་རྩ་བར་དམ་འཛིན་དང་། མིག་སྔའི་བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་ལ་འཕྲད་པའི་དུས་བབ་ལ་སྟངས་འཛིན་ཡང་དག་བྱེད་པ། གཙོ་གནད་ལས་འགན་ལ་དམ་པོར་དམིགས་པ། ལས་ཀའི་འགན་འཁྲི་བརྟན་དུ་གཏོང་བ། ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འགན་ཁུར་གྱི་སྙིང་སྟོབས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་གི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས།
རེན་ཝེ་ཡིས་ནན་བཤད་གནང་དོན། གནད་དོན་གྱི་སྟོན་ཕྱོགས་བརྟན་པོ་བཙུགས་ནས་གནད་དོན་གྱི་མི་མངོན་པའི་རྐྱེན་ངན་བཅོས་སྒྲིག་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས། གཙོ་གནད་ཀྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ལ་ཏན་ཏིག་ངང་སྐུལ་འདེད་བཏང་ནས་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་མེད་པར་བཟོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། ཉེན་ཁའི་མངོན་མེད་རྐྱེན་ངན་གྱི་ཁྱད་ཆོས་ལ་དམ་འཛིན་བྱས་ནས་ཉེན་ཁར་འབྱུང་རྩ་ནས་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། མེ་ཟོན་དང་། འཛུགས་སྐྲུན་ཨར་ལས། རིག་གནས་ཡུལ་སྐོར། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད། དྲོད་ཚད་དམའ་བ་དང་གངས་འཁྱགས་དང་དེ་བཞིན་ས་ཡོམ་གྱི་གནོད་འཚེར་ཁ་གཏད་གཅོག་པ་སོགས་ལོ་མཇུག་དང་ལོ་འགོའི་རྐྱེན་ངན་གཙོ་བོའི་འགོག་ཟོན་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་མཐའ་གཅིག་ཏུ་འགན་ལེན་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་དང་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས།