ཅང་ཝུན་ཕེང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2024ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་11པ་གཙོ་སྐྱོང་གནང་བ།
ཚེས་4ཉིན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་གཅིག་པར་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2024ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་11པ་འཚོགས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་རྩ་ཁྲིམས་ཆེད་དོན་སློབ་སྦྱོང་བྱས་པ་དང་གོ་བ་བླངས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཅང་ཝུན་ཕེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྩ་ཁྲིམས་ཀྱི་ལ་རྒྱ་དང་དབང་གྲགས་རང་རྟོགས་ངང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་སྣེ་ཁྲིད་དེ་ཁྲིམས་བཀུར་དང་ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱས་ཏེ་ཁྲིམས་བཞིན་རྒྱལ་སྐྱོང་དང་ཁྲིམས་བཞིན་བོད་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ཏེ་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཁྲིམས་སྐྱོང་གི་བསམ་གཞིག་དང་གོ་རིམ་གྱི་འདུ་ཤེས་བརྟན་པོ་བཙུགས་ནས་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་དང་། དབང་ཆའི་མཐའ་ཚད་ནན་པོ་སྲུང་བ། དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་ལེན་ནན་པོ་བསྟར་བ། ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གསལ་སྟོན་བྱས་པའི་དབང་ཚད་དང་། སྒྲིག་སྲོལ། གོ་རིམ་བཅས་ལ་ནན་པོར་གཞིགས་ནས་ལས་དོན་སྤེལ་དགོས། ཞིབ་བཤེར་དང་བརྟག་དཔྱད་བྱེད་པའི་བདེན་དཔང་གི་བླང་བྱ་དང་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ནས་དོན་དངོས་ཀྱི་འགག་སྒོ་དང་། གོ་རིམ་གྱི་འགག་སྒོ སྒྲིག་ཁྲིམས་སྤྱད་འཐུས་ཀྱི་འགག་སྒོ་བཅས་ནན་པོ་བསྲུངས་ཏེ། སྒྲིག་འགལ་ཁྲིམས་འགལ་གྱི་དོན་དངོས་ཚང་མར་བདེན་དཔང་གི་རྒྱབ་སྐྱོར་ཡོད་པ་དང་བདེན་དཔང་ཚང་མ་ཁྲིམས་མཐུན་གྱི་གོ་རིམ་བརྒྱུད་ཐོབ་པའི་འགན་ལེན་བྱེད་དགོས། འདྲི་གཅོད་ལས་ཁུངས་དང་། ཞིབ་དཔྱོད་ལས་ཁུངས། ཁྲིམས་སྒྱུར་སྡེ་ཚན་བཅས་དང་ཕན་ཚུན་གཞོགས་འདེགས་དང་ཚོད་འཛིན་ཐུབ་ཤུགས་ཆེ་རུ་བཏང་སྟེ་ཚོད་འཛིན་དང་ལྟ་སྐུལ་གྱི་ཆ་རྐྱེན་འོག་ལས་ཀ་གོམས་པ་བྱེད་དགོས། སྒྲིག་བསྟར་ཁྲིམས་སྒྱུར་འབྲེལ་མཐུད་དང་ཁྲིམས་འཛིན་འབྲེལ་མཐུད་ནུས་ལྡན་བྱེད་པའི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་ནས། སྒྲིག་ཁྲིམས་ཀྱི“ཐིག་ཤིང་གཉིས”འབྲེལ་མཐུད་བེད་སྤྱོད་བྱེད་པ་དང་། སྤུས་ཚད་མཐོ་བ་དང་གནད་ལ་འཁེལ་བའི་སྒོ་ནས་གྱོད་དོན་ཞིབ་གཅོད་བྱས་ཏེ“ཕན་འབྲས་གསུམ”ཕན་ཚུན་གཅིག་གྱུར་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།