ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཤེས་ལྡན་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ཁྲེན་ཡུང་ཆི། ལིའུ་ཅང་བཅས་ཞུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཤེས་ལྡན་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ལྗོངས་ཡོངས་ཀྱི་ཤེས་ལྡན་པའི་ལས་དོན་གནས་ཚུལ་གྱི་སྙན་སེང་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་ཤེས་ལྡན་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གིས་ཤེས་ལྡན་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་། ལྟེ་བར་ཞབས་འདེགས་ཞུ་བའི་ལས་དོན་མཐའ་འཁྱོངས། ཤེས་ལྡན་པའི་གསོན་ཤུགས་སྐུལ་སློང་མཐའ་འཁྱོངས། མི་སྣ་བཀོལ་སྤྱོད་ཀྱི་ཡང་དག་པའི་སྟོན་ཕྱོགས་མཐའ་འཁྱོངས་བཅས་བྱས་ནས། ཕུལ་བྱུང་ཤེས་ལྡན་པ་གཟེངས་སུ་ཐོན་པའི་ལམ་སྲོལ་བཟང་པོ་ཧུར་ཐག་ཆགས་པར་འབད་བརྩོན་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། ཁྲེན་ཡུང་ཆི། ལིའུ་ཅང་། ཡོན་ཧུང་ཀང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཅང་ཝུན་ཕེང་བཅས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྤྱོད་ཡོན་གཉིས་ལྡན་གྱི་ཤེས་ལྡན་པ་འབོར་ཆེན་ཞིག་དགོས་ཀྱི་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་རབས་གསར་པའི་ཤེས་ལྡན་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཉམས་མྱོང་ལ་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཤེས་ལྡན་པའི་ལྗོངས་སྟོབས་ཆེན་གྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ། ཕྱོགས་གང་ས་ཅི་ཐད་ནས་ཤེས་ལྡན་པ་གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད་བཅས་ཡག་པོ་བྱེད་པ། སེམས་ནུས་ཡོད་རྒུས་ཤེས་ལྡན་པར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་ཤེས་ལྡན་པའི་འདེགས་སྐྱོར་ནུས་ལྡན་བྱེད་དགོས། “ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པའི”འདུ་ཤེས་ཟབ་ཏུ་བཏང་ནས་ཏང་གིས་ཤེས་ལྡན་པར་དོ་དམ་བྱེད་པའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་དགོས། མི་ནི་ཐོན་སྐྱེད་ནུས་ཤུགས་ཁྲོད་ཀྱི་གསོན་ཤུགས་ཆེ་ཤོས་ཀྱི་གྲུབ་ཆ་དང་། ཤེས་ལྡན་པ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག ཏང་གི་འགོ་ཁྲིད་ནི་ཤེས་ལྡན་པའི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་བཅས་ཡིན་སྟབས། ཏང་གི་འགོ་ཁྲིད་དེ་ཤེས་ལྡན་པའི་ལས་དོན་གྱི་ཕྱོགས་གང་ས་ཅི་ཐད་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་མཐའ་འཁྱོངས་བྱས་ཏེ། ཤེས་ལྡན་པའི་ལས་དོན་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། ཏང་གིས་ཤེས་ལྡན་པར་དོ་དམ་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གིས་ཤེས་ལྡན་པར་དོ་དམ་བྱེད་པའི་བྱ་ཐབས་དང་ཐབས་ཤེས་ཟམ་མི་ཆད་པར་ལེགས་སུ་གཏོང་བ། ཤེས་ལྡན་པར་ཆབ་སྲིད་ཀྱི་སྣེ་ཁྲིད་དང་ཆབ་སྲིད་ཀྱི་བསྡུ་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་དང་། ཤེས་ལྡན་པར་མཐུན་སྒྲིལ། ཤེས་ལྡན་པར་སྣེ་ཁྲིད། ཤེས་ལྡན་པ་སྐྱེད་སྲིང་བཅས་ལ་སྣང་ཆེན་བྱས་ཏེ། ཤེས་ལྡན་པ་ངོ་ཆོད་པ་དང་། ཤེས་ལྡན་པར་གཅེས་པ། ཤེས་ལྡན་པར་བཀུར་བ། ཤེས་ལྡན་པ་སྤྱོད་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བཏོད་ནས། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་ལེགས་ཆར་སྒྱུར་བར་སྐུལ་འདེད་གཏོང་དགོས། བཀོལ་སྤྱོད་རྩ་བར་འཛིན་པའི་འདུ་ཤེས་ཟབ་ཏུ་བཏང་ནས་མཁས་བསྐོ་འཇོན་འགུག་གི་ལམ་བུ་ཡངས་པོར་འབྱེད་དགོས། གསར་གཏོད་ཀྱི་བསམ་ཕྱོགས་ལ་བརྟེན་ནས་ཤེས་ལྡན་པ་ནང་འདྲེན་དང་གཅིག་སྡུད་མཐའ་འཁྱོངས་དང་། སྲིད་གཞུང་གི་ཁྲིད་སྟོན་དང་ཁྲོམ་རའི་བྱེད་པོ་ཟུང་འབྲེལ་མཐའ་འཁྱོངས། ཚོང་འགུགས་མ་འདྲེན་དང་དེ་བཞིན་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཟུང་འབྲེལ་མཐའ་འཁྱོངས་བཅས་བྱས་ནས། ཤེས་ལྡན་པ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་གྱི་སྒྱུར་བཅོས་ཟབ་ཏུ་བཏང་སྟེ། ཤེས་ལྡན་པ་ནང་འདྲེན་དང་། ཤེས་ལྡན་པ་བཀོལ་སྤྱོད། ཤེས་ལྡན་པར་སྐུལ་ལྕག་གཏོང་བ་བཅས་གཅིག་གྱུར་དམ་ཟབ་ཐུབ་པར་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ས་དང་པོ་ནས་ཤེས་ལྡན་པ་འཚོལ་བ་དང་། གསོ་སྐྱོང་། འདེམས་སྒྲུག བཀོལ་སྤྱོད་བཅས་བྱས་ནས། ཤེས་ལྡན་པ་ནང་འདྲེན་དང་གཅིག་སྡུད་ཀྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་སྟེ། ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ནང་ཞུགས་པར་འདྲེན་འགུགས་བྱེད་དགོས། སྤུས་འབྲས་ལེགས་གཉེར་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཤེས་ལྡན་པར་ལས་སྒྲུབ་ལས་གཏོད་ཀྱི་གར་སྟེགས་སྐྲུན་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་མཐའ་འཁྱོངས་བྱས་ཏེ། མི་སྣ་འདེམས་སྤྱོད་ཀྱི་ལམ་སྲོལ་དང་བྱས་འབྲས་དཔྱད་ཞིབ་གདེང་འཇོག་གི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། རིགས་ཁག་གི་ཤེས་ལྡན་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ནས། རིགས་ཁག་གི་ཤེས་ལྡན་པས་གོ་གནས་གང་ཞིག་བཟུང་ན། དེ་ཡི་འགན་འཁྲི་ལེགས་སྒྲུབ་དང་། ལས་གནས་གང་ཞིག་སྒྲུབ་ན། དེ་ཡི་འགན་འཁྲི་འཁུར་བ་བཅས་འགན་ལེན་བྱེད་པ་དང་། སེམས་མཐུན་དང་། བློ་སྒྲིལ། ཤུགས་ལྡན། ལས་སྒྲུབ་བཅས་ཀྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དུ་གཏོང་དགོས། ཞབས་ཞུ་གོང་དུ་བཀུར་བའི་འདུ་ཤེས་ཟབ་ཏུ་བཏང་སྟེ་མི་ནུས་གང་ཡོད་འདོན་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་སྐྲུན་དགོས། ཤེས་ལྡན་པའི་སྲིད་ཇུས་ཀྱི་ཕན་ནུས་རྒྱུན་མཐུད་འདོན་སྤེལ་དང་། ཤེས་ལྡན་པའི་དུས་འཁོར་ཧྲིལ་པོའི་ཞབས་ཞུའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིགས་ཁག་གི་ཤེས་ལྡན་པའི་ལས་དོན་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་ཧུར་ཐག་བཅས་བྱས་ཏེ། མི་དང་ལས་གནས་འཚམ་པ་དང་མི་ནུས་གང་ཡོད་འདོན་ཐུབ་པར་བྱེད་པ་དང་། རིགས་ཁག་གི་ཤེས་ལྡན་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་ལ་ཁྲིད་སྟོན་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འདོན་སྤེལ་ཡག་པོ་བཅས་བྱས་ནས། རིགས་ཁག་གི་ཤེས་ལྡན་པ་གང་ལེགས་ཐོན་པ་དང་། རང་ངོས་ཀྱི་འཇོན་ཐང་ངོམ་པ། གསོན་ཤུགས་འཕེལ་བ་བཅས་བྱེད་དུ་འཇུག་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་ཤེས་ལྡན་པའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ཏེ། སྤྱི་ཁོག་ལ་དོ་དམ་དང་། སྲིད་ཇུས་ལ་དོ་དམ། མཐུན་སྦྱོར་ལ་དོ་དམ། ཞབས་ཞུར་དོ་དམ་བཅས་བྱེད་པའི་འགན་འཁྲི་ཡག་པོ་སྒྲུབ་དགོས། རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་འགན་ནུས་ཡག་པོ་བསྒྲུབས་ནས། སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་དགོས། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་ནུས་གང་ལེགས་བཏོན་ཏེ། གཙོ་གནད་འབུར་ཐོན་དང་། རང་འགུལ་ལས་སྒྲུབ། སྔ་སྣུར་ཞབས་ཞུ་བཅས་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ཤེས་ལྡན་པར་སེམས་ཁུར་དང་གཅེས་སྐྱོང་དང་། ཤེས་ལྡན་པའི་ཡིད་སེམས་བཀུག་ནས་སེམས་གནས་པ། ཤེས་ལྡན་པར་རྒྱབ་སྐྱོར་དང་རོགས་རམ་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་གཙོ་བོས་ཤེས་ལྡན་པར་བརྩི་བཀུར་དང་། ཤེས་ལྡན་པར་དགའ་ཞེན། ཤེས་ལྡན་པར་གཅེས་སྐྱོང་། ཤེས་ལྡན་པར་རོགས་སྐྱོར་བཅས་བྱས་ཏེ། མི་སྣ་འདེམས་སྤྱོད་ཀྱི་མཐོང་རྒྱ་ཆེ་རུ་གཏོང་བ་དང་། རིགས་ཁག་གི་ཤེས་ལྡན་པའི་འཇོན་ནུས་གང་ལེགས་སྤྱོད་པ་དང་སྐབས་བསྟུན་བསྐོ་སྤྱོད་ཡོང་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བློ་རིག་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།